བརྩམས་ཆོས་བདག་དབང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ཁྲོད་་་

ཟླ་4ཚེས་26ཉིན་བརྩམས་ཆོས་བདག་དབང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། དྲ་རྒྱ་ཅན་དང་གྲངས་གཞི་ཅན་སོགས་ཀྱི་ལག་རྩལ་འཕེལ་རྒྱས་མྱུར་མོ་ཕྱིན་པ་ལས་བྱུང་བའི “གྲངས་གཞིའི་པར་དབང་གི་དཀའ་ངལ”གྱིས་བརྩམས་ཆོས་བདག་དབང་སྲུང་སྐྱོང་ལ་འགྲན་སློང་བྱས་ཡོད། བརྩམས་ཆོས་བདག་དབང་སྲུང་སྐྱོང་གི་མ་གནས་མཐོ་བ་དང་། གནོད་འཚེ་བཟོས་པའི་སྐྱིན་ཚབ་འཇལ་གྲངས་དམའ་བ། ཁྲིམས་འཛིན་བྱེད་ཐབས་མི་འདང་བ་སོགས་ཀྱི་སྣང་ཚུལ་ལ་སྤྱི་ཚོགས་ཀྱིས་གྲོས་བསྡུར་དང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཁྲིམས་འཛིན་པུའི་ཏང་ཙུའུ་ཧྲུའུ་ཅི་དང་པུའུ་ཀྲང་གཞོན་པ་ཡོན་ཧྲུའུ་ཧུང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་འཆར་ཟིན་གསལ་བཤད་གནང་སྐབས། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བརྩམས་ཆོས་བདག་དབང་སྲུང་སྐྱོང་ཁྱབ་ཁོངས་སུ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁག་ཅིག་ཐོན་ཡོད་པས། འཕྲལ་དུ་བརྩམས་ཆོས་བདག་དབང་བཅའ་ཁྲིམས་ལ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།

སྤྱི་ལོ་2012ལོ་ནས་བཟུང་བརྩམས་ཆོས་བདག་དབང་བཅའ་ཁྲིམས་ཀྱི་བཟོ་བཅོས་དེ་བརྒྱུད་རིམ་རིང་པོ་ཞིག་བརྒྱུད་དེ་བཟོ་བཅོས་ཐེངས་མང་བརྒྱབ་ཡོད། བརྩམས་ཆོས་བདག་དབང་སྲུང་སྐྱོང་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། གཙོ་སྐྱོང་སྡེ་ཚན་གྱི་ཁྲིམས་འཛིན་བྱ་ཐབས་ཉུང་ལ་གཉོམ་དྲག་པ་དང་། ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཆད་པ་གཅོད་ཚད་ཡང་བ་སོགས་ཀྱི་གནད་དོན་ཐད་བཟོ་བཅོས་འཆར་ཟིན་ཁྲོད་ཕྱོགས་མང་པོ་ནས་གཏན་འབེབས་བཟོས་ཡོད།

### དང་པོ། ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་ནང་འདྲེན་བྱས་ཏེ། དབང་གནོད་ཀྱི་ཁྲིམས་བཀོད་གུན་གསབ་ཚད་གཞི་ཇེ་མཐོར་གཏོང་བ། འཆར་ཟིན་ནང་གཏན་འབེབས་བྱས་དོན། བརྩམས་ཆོས་བདག་དབང་ངམ་ཡང་ན་བརྩམས་ཆོས་བདག་དབང་དང་འབྲེལ་བ་ཡོད་པའི་དབང་ཆར་གནོད་འཚེ་བཏང་ན། དབང་ཆར་གནོད་འཚེ་གཏོང་མཁན་གྱིས་ཁེ་དབང་འཛིན་མཁན་གྱི་གྱོང་གུད་དངོས་ལ་གཞིགས་ནས་སྐྱིན་ཚབ་འཇལ་དགོས། གྱོང་གུད་དངོས་བརྩི་ཐབས་བྲལ་བ་ཡིན་ན། དབང་ཆར་གནོད་འཚེ་གཏོང་མཁན་གྱི་ཁྲིམས་འགལ་ཐོབ་ཆ་ལྟར་སྐྱིན་ཚབ་སྤྲད་ཆོག ཁེ་དབང་འཛིན་མཁན་གྱི་གྱོང་གུད་དངོས་སམ་དབང་ཆར་གནོད་འཚེ་གཏོང་མཁན་གྱི་ཁྲིམས་འགལ་ཐོབ་ཆ་བརྩི་ཐབས་བྲལ་བ་ཡིན་ན། ཁེ་དབང་དེའི་སྤྱད་འཐུས་གྲོན་དངུལ་གྱི་ལྡབ་གྲངས་དཔྱད་གཞིར་བཟུང་ནས་སྐྱིན་ཚབ་སྤྲད་ཆོག རྐང་བཙུགས་ནས་བརྩམས་ཆོས་བདག་དབང་ངམ་ཡང་ན་བརྩམས་ཆོས་བདག་དབང་དང་འབྲེལ་བ་ཡོད་པའི་དབང་ཆར་གནོད་འཚེ་བཏང་བའི་ཉེས་ཚབས་ཆེ་རིགས་ལ་གོང་གསལ་བྱ་ཐབས་ལྟར་གཏན་འཁེལ་བྱས་པའི་གྲངས་འབོར་གྱི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་སྐྱིན་ཚབ་འཇལ་དུ་བཅུག་ཆོག གཞན་ཡང་། འཆར་ཟིན་ནང་ད་དུང་གཏན་འབེབས་བྱས་དོན། ཁེ་དབང་འཛིན་མཁན་གྱི་གྱོང་གུད་དངོས་དང་། གནོད་འཚེ་གཏོང་མཁན་གྱི་ཁྲིམས་འགལ་ཐོབ་ཆ། ཁེ་དབང་སྤྱད་འཐུས་ཀྱི་གྲོན་དངུལ་བཅས་བརྩི་ཐབས་བྲལ་བ་ཡིན་ན། མི་དམངས་ཁྲིམས་ཁང་གིས་དབང་གནོད་བྱ་སྤྱོད་ཀྱི་གནས་ཚུལ་ལ་གཞིགས་ནས་སྒོར་ས་ཡ་ལྔ་མན་གྱི་སྐྱིན་ཚབ་འཇལ་རྒྱུའི་དཔྱད་མཚམས་གཏོང་དགོས། སྐྱིན་ཚབ་དངུལ་གྲངས་དེ་ནི་ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ལྡབ་10ཡིན།

དེ་མིན། འཆར་ཟིན་ནང་གནོད་འཚེ་གཏོང་མཁན་ལ་ཁེ་དབང་ལ་གནོད་འཚེ་བཏང་བ་དང་འབྲེལ་བ་ཡོད་པའི་རྩིས་ཐོ་དང་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱེད་དུ་འཇུག་པའི་ལམ་ལུགས་དང་། བརྩམས་ཆོས་བདག་དབང་གཙོ་སྐྱོང་སྡེ་ཁག་གིས་དོ་བདག་ལ་འདྲི་རྩད་བྱེད་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ལ་བརྟག་དཔྱད་བྱེད་པ། ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ། འབྲེལ་ཡོད་དཔྱད་ཡིག་ཀློག་བཤེར་དང་བསྐྱར་པར་བྱེད་པ། དེ་བཞིན་འབྲེལ་ཡོད་གནས་ཡུལ་དང་དངོས་རྫས་ལ་སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱེད་པ་སོགས་ཀྱི་འགན་དབང་། བརྩམས་ཆོས་བདག་དབང་ངམ་ཡང་ན་བརྩམས་ཆོས་བདག་དབང་དང་འབྲེལ་བ་ཡོད་པའི་ཁེ་དབང་གང་བྱུང་དུ་སྤྱོད་པ་དང་། སྒྲིག་ལམ་དཀྲུགས་པའི་བྱ་སྤྱོད་ཀྱི་ཁྲིམས་འགན། བརྩམས་ཆོས་བདག་དབང་ལ་གནོད་འཚེ་བཏང་ནས་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་སྐོར་གྱི་བཅའ་ཁྲིམས་ཀྱི་འགན་འཁྲི་སྔར་ལས་ཁ་གསལ་བཟོ་རྒྱུ་སོགས་ཀྱི་ནང་དོན་ཁ་སྣོན་བྱས་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་བརྩམས་ཆོས་བདག་དབང་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱིས་གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་གཞིར་བཟུང་ནས། འབྲེལ་ཡོད་ལམ་ལུགས་དང་བྱེད་ཐབས་བཙུགས་སྟེ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལག་བསྟར་བྱེད་ཤུགས་དང་དབང་གནོད་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། དབང་གནོད་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་ནང་འདྲེན་བྱེད་པ། དབང་གནོད་ཁྲིམས་བཀོད་ཀྱི་སྐྱིན་ཚབ་འཇལ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། བཅའ་ཁྲིམས་གཞན་དག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད་འབྲེལ་ཡོད་རྒྱལ་སྤྱིའི་ཆིངས་ཡིག་གི་འོས་འགན་དོན་འཁྱོལ་བྱེད་པ་བཅས་ནི། བརྩམས་ཆོས་བདག་དབང་ལས་ཀའི་དགོས་མཁོ་དངོས་དང་མཐུན་པ་དང་། བརྩམས་ཆོས་བདག་དབང་འཛིན་མཁན་དང་། ཁྱབ་བསྒྲགས་བྱེད་མཁན། བེད་སྤྱོད་བྱེད་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཕན་པ། བརྩམས་ཆོས་བདག་དབང་གསར་གཏོད་དང་། སྲུང་སྐྱོང་། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བར་ཕན་པ། བརྩམས་ཆོས་བདག་དབང་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་བར་ཕན་པ། རང་རྒྱལ་གྱི་རིག་གནས་དང་ཚན་རིག་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བར་ཕན་པ་སོགས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད།

གཞན་ཡང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱིས་ཀྱང་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། དྲ་རྒྱའི་བར་སྟོང་གི་བརྩམས་ཆོས་བདག་དབང་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་དང་བརྩམས་ཆོས་བདག་དབང་སྲུང་སྐྱོང་གི་འབྲེལ་བ་མཐུན་སྦྱོར་ཡག་པོ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ལྟ་སྐུལ། ཝུའུ་ཤིན་རི། ཞུ་དག སྒྲོལ་ཚེ། སྒྲིག་སྒྱུར། ཀླུ་འབུམ།