མཉམ་སྡེབ་ལ་དབང་བའི་ས་ཆར་བརྒྱབ་པའི་ཁང་པ་རང་དགར་ཉོ་ཚོང་བྱ་ཆོག་གམ།

2019ལོར། བཀྲ་ཆེ་གེ་མོས་གྲོང་གསེབ་ཀྱི་མཉམ་སྡེབ་ལ་དབང་བའི་ས་ཆར་བརྒྱབ་པའི་ཁང་པ་སྤེན་ཆེ་གེ་མོར་བཙོངས་པ་དང་འབྲེལ《ཉིས་རྒྱུད་ཁང་པ་ཉོ་ཚོང་གི་གན་རྒྱ》བཞག ཁང་པ་ཉོས་པའི་དངུལ་སྤྲོད་པ་དང་ཆབས་ཅིག་ཁང་པ་རྩིས་སྤྲོད་ཀྱི་ཁ་ཆད་བྱས། ཡིན་ནའང་སྤེན་ཆེ་གེ་མོའི་མ་དངུལ་འཁོར་རྒྱུག་ལ་གནས་ཚུལ་ཕྲད་པས་ཁ་ཆད་བྱས་པའི་དུས་ཚོད་ལྟར་བཀྲ་ཆེ་གེ་མོར་ཁང་པ་ཉོས་པའི་དངུལ་སྤྲོད་ཐུབ་མེད་པས། བཀྲ་ཆེ་གེ་མོས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ནས་ཐག་གཅོད་བྱེད་རྒྱུའི་རེ་འདུན་ཞུས། གྱོད་གཞི་བདག་སྤྲོད་བྱས་རྗེས། གནས་ཚུལ་ཁོང་དུ་གསལ་པོ་ཆུད་ཆེད། ཉེན་དོན་མི་སྣས་གན་རྒྱ་འཇོག་ཡུལ་དུ་བརྟག་དཔྱད་བྱེད་པར་བསྐྱོད་དེ་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱས་པ་དང་སྦྲགས། དོ་བདག་གཉིས་པོར་བཅའ་ཁྲིམས་འགྲེལ་བཤད་གསལ་པོ་བརྒྱབ། མཐར་བཀྲ་ཆེ་གེ་མོས་ཁྲིམས་ཁང་ལ་ཞུ་གཏུག་ཕྱིར་འཐེན་གྱི་རེ་འདུན་ཞུས་ནས། སླད་ཕྱིན་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་བའི་ཉོ་ཚོང་གཏན་ནས་མི་བྱེད་པའི་ཁར། བཅའ་ཁྲིམས་ལ་སྲུང་བརྩི་གང་ལེགས་ཞུ་བ་དང་བཅའ་ཁྲིམས་སྤྱད་དེ་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད། གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་དོ་བདག་ལ་བཅའ་ཁྲིམས་འགྲེལ་བཤད་རྒྱག་བཞིན་པ། འོ་ན་གྱོད་གཞི་འདིའི་ནང་གི་ཁང་པ་ཉོ་ཚོང་བྱ་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་ན། ཁྲིམས་དཔོན་གྱིས། དང་ཐོག་ཉོ་ཚོང་དེ་ཁྲིམས་དང་མ་མཐུན་པ་རེད་ཅེས་བརྗོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གྲོང་གསེབ་དང་གྲོང་ཁྱེར་ཉེ་འདབས་ཁུལ་གྱི་ས་ཆ་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ལ་དབང་བ་ཕུད་ཞིང་པ་མཉམ་སྡེབ་ལ་དབང་བས་རེད། ཞིང་པ་མཉམ་སྡེབ་ལ་དབང་བའི་ས་ཞིང་གི་བེད་སྤྱོད་དབང་ཆ་ནང་བཤུག་དང་། བརྒྱུད་བཤུག བོགས་གཏོང་སོགས་ཞིང་ལས་འཛུགས་སྐྲུན་མ་ཡིན་པར་སྤྱད་མི་ཆོག དེར་བརྟེན་ཞུ་སྦྱོར་སྔ་མ་དང་ཕྱི་མ་ཕྱོགས་གཉིས་པོའི་ཉོ་ཚོང་དེ་ཁྲིམས་དང་མཐུན་མེད། གཉིས་པ་ཉོ་ཚོང་བྱེད་མཁན་གྱི་བྱ་སྤྱོད་དེ་ཁྲིམས་དང་མཐུན་མེད། གྲོང་གསེབ་ཀྱི་ཁང་པ་དེ་གྲོང་ཚོ་དེའི་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་གཏོགས་པ་ཞིག་ཡིན་པས། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་རིན་མེད་ངང་ས་ཆ་སྤྲད་པའི་དམིགས་ཡུལ་ནི་གྲོང་ཚོ་དེའི་ཡུལ་མིའི་གཞི་རྩའི་སྡོད་ཁང་གི་ཆ་རྐྱེན་འགན་ལེན་བྱེད་རྒྱུ་དེ་རེད། ད་ཆ་སྤེན་ཆེ་གེ་མོ་གྲོང་ཚོ་དེའི་མི་མིན་པས་གྱོད་འབྲེལ་ཁང་པ་དེ་ཉོ་བའི་བྱེད་པོའི་ཐོབ་ཐང་མེད། དེར་བརྟེན་བཀྲ་ཆེ་གེ་མོ་དང་སྤེན་ཆེ་གེ་མོའི་དབར་བཞག་པའི《ཉིས་རྒྱུད་ཁང་པ་ཉོ་ཚོང་གི་གན་རྒྱ》དེ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་མེད་པས་ཁྲིམས་ལྟར་གོ་མི་ཆོད་པའི་གཏན་འཁེལ་བྱ་ཆོག་གི་ཡོད།