ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས།

གན་རྒྱའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གཏན་འབེབས་བྱ་རྒྱུ། སྤྱི་ལོ1999ལོའི་ཟླ3ཚེས15ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཨང15པར་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ལོ 1999ལོའི་ཟླ10 ཚེས1ཉིན་ནས་ལག་བསྟར་བྱས།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 中华人民共和国合同法

ཁྱབ་བསྒྲགས་ལོ་ཚིགས། སྤྱི་ལོ1999ལོའི་ཟླ3པའི་ཚེས15ཉིན།

ཁྱབ་བསྒྲགས་སྡེ་ཁག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།

ལག་བསྟར་ལོ་ཚིགས། སྤྱི་ལོ1999ལོའི་ཟླ10བའི་ཚེས1ཉིན།

དཀར་ཆག

  1. ལེའུ་དང་པོ། གཏན་འབེབས་སྤྱིར་བཏང་པའི་སྐོར།

  2. ལེའུ་གཉིས་པ། གན་རྒྱ་འཇོག་སྟངས་སྐོར།

  3. ལེའུ་གསུམ་པ། གན་རྒྱའི་ནུས་པའི་སྐོར།

  4. ལེའུ་བཞི་པ། གན་རྒྱ་ལག་ལེན་བྱེད་སྟངས་སྐོར།

  5. ལེའུ་དྲུག་པ། གན་རྒྱའི་ནང་འཁོད་ཁེ་དབང་དང་འོས་འགན་སྒྲུབ་མཚམས་འཇོག་ཕྱོགས་སྐོར།

  6. ལེའུ་བདུན་པ། ཁ་ཆད་དང་འགལ་བའི་ཁག་འགན་སྐོར།

  7. ལེའུ་བརྒྱད་པ། གཏན་འབེབས་གཞན་དག་སྐོར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས།(གནད་བཏུས།)

སྤྱིའི་དོན་ཚན།

1 ལེའུ་དང་པོ། གཏན་འབེབས་སྤྱིར་བཏང་པའི་སྐོར།

དོན་ཚན་དང་པོ། ལན་རྒྱ་སྣོལ་འཇོག་བྱེད་མཁན་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཆེད་བཅའ་ཁྲིམས་འདི་ཉིད་བཟོས་པ་ཡིན།

དོན་ཚན་གཉིས་པ། བཅའ་ཁྲིམས་འདིའི་ནང་གན་རྒྱ་ཞེས་པ་ནི་འདྲ་མཉམ་གྱི་བྱེད་པོ་ཡིན་པའི་སྤྱི་དམངས་དང་། ཁྲིམས་མི། རྩྭ་འཛུགས་གཞན་དག་བཅས་ཀྱི་བར་དུ་དམངས་དོན་གྱི་ཁེ་དབང་དང་འོས་འགན་སྐོར་གྱི་འབྲེལ་བ་འཛུགས་པ་དང་། སྒྱུར་བ། འབྲེལ་མཚམས་འཇོག་པ་བཅས་པའི་གྲོས་མཐུན་འཇོག་པར་ཟེར།

གཉེན་སྒྲིག་དང་། ཉར་གསོ། ལྟ་སྐྱོང་ལ་སོགས་པའི་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་སྐོར་གྱི་གྲོས་མཐུན་འཇོག་པར་བཅའ་ཁྲིམས་གཞན་དག་ནང་གསལ་གཏན་འབེབས་སྤྱད་འཐུས།

དོན་ཚན་གསུམ་པ། གན་རྒྱ་སྣོལ་འཇོག་བྱེད་མཁན་དོ་བདག་ཕྱོགས་སོ་སོའི་བཅའ་ཁྲིམས་ཐོག་གི་གོ་གནས་འདྲ་མཉམ་ཡིན་པས། ཕྱོགས་གཅིག་གིས་རང་ཉིད་ཀྱི་འདོད་པ་ཕྱོགས་ཅིག་ཤོས་ལ་བཙན་འགེལ་བྱས་མི་ཆོག

དོན་ཚན་བཞི་པ། དོ་བདག་ཕྱོགས་སོ་སོར་ཁྲིམས་ལྟར་རམ་མོས་ཀྱི་སྒོ་ནས་གན་རྒྱ་འཇོག་རྒྱུའི་ཁེ་དབང་ཡོད། སྡེ་ཚན་གང་ཞིག་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ཁྲིམས་འགལ་གྱིས་ཇུས་གཏོགས་བྱས་མི་ཆོག

དོན་ཚན་ལྔ་པ། དོ་བདག་གིས་དྲང་བཞག་གི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་གཏན་འཁེལ་བྱ་དགོས།

དོན་ཚན་དྲུག་པ། དོ་བདག་གིས་ཁེ་དབང་སྤྱོད་པ་དང་འོས་འགན་སྒྲུབ་སྐབས་ཁ་བཤད་དོན་ལ་གནས་པའི་རྩ་དོན་ལ་བརྩི་སྲུང་བྱ་དགོས།

དོན་ཚན་བདུན་པ། དོན་བདག་གིས་གན་རྒྱ་སྣོལ་འཇོག་དང་ལག་ལེན་བྱེད་སྐབས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་དང་། སྤྱི་ཚོགས་ཐོག་གི་ཀུན་སྤྱོད་ལ་བརྩི་འཇོག་ཞུ་དགོས་པ་ལས། སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་དཀྲུག་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པ་བཏང་མི་ཆོག

དོན་ཚན་བརྒྱད་པ། བཅའ་ཁྲིམས་ལྟར་བཞག་པའི་གན་རྒྱ་དོ་བདག་ལ་བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན་པས། དོ་བདག་ཚོས་ཁ་ཆད་བཞག་པ་ལྟར་རང་ཉིད་ཀྱི་འོས་འགན་སྒྲུབ་དགོས་པ་ལས། རང་འདོན་ལྟར་གན་རྒྱ་བསྒྱུར་བའམ་ཕྱིར་འཐེན་བྱས་མི་ཆོག

ཁྲིམས་ལྟར་བཞག་པའི་གན་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱ་རྒྱུ།

2 ལེའུ་གཉིས་པ། གན་རྒྱ་འཇོག་སྟངས་སྐོར།

དོན་ཚན་དགུ་པ། དོ་བདག་གིས་གན་རྒྱ་སྣོལ་འཇོག་བྱེད་པར་བབ་མཚུངས་ཀྱི་དམངས་དོན་གྱི་དབང་ཆ་སྤྱོད་ནུས་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལྡན་དགོས།

དོ་བདག་གིས་ཁྲིམས་ལྟར་ལས་ཚབ་ལ་མངགས་བཅོལ་བྱས་ནས་གན་རྒྱ་སྣོལ་འཇོག་བྱས་ཆོག

དོན་ཚན་བཅུ་པ། དོ་བདག་གིས་གན་རྒྱ་སྣོལ་འཇོག་བྱེད་པར་ཡིག་ཐོག་དང་། ངག་ཐོག རྣམ་པ་གཞན་དག་གི་ཐོག་ནས་འཇོག་སྟངས་ཡོད།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་ལ་ཕབ་པའི་ཡིག་ཐོག་ནས་འཇོག་དགོས་རིགས་ཡིག་ཐོག་གི་འཇོག་སྟངས་སྤྱོད་དགོས། དོ་བདག་གིས་ཡིག་ཐོག་གི་འཇོག་སྟངས་སྤྱོད་རྒྱུ་ཁ་དག་བཞག་ན། ཡིག་ཐོག་གི་འཇོག་སྟངས་སྤྱོད་དགོས།

དོན་ཚན་བཅུ་གཅིག་པ། ཡིག་ཐོག་གི་འཇོག་སྟངས་ནི་གན་རྒྱའི་ཡི་གེ་དང་འཕྲིན་ཡིག གཞི་གྲངས་གློག་འཕྲིན(ཏར་དང་། གློག་སྐྱེལ། བརྙན་སྐྱེལ། གློག་རྡུལ་གཞི་གྲངས་བརྗེ་གཏོང་། གློག་རྡུལ་སྦྲག་ཐོག་བསྐུར་བྱ་སོགས་ཚུད།)སོགས་མཐོང་བྱ་ཡོད་པའི་སྒོ་ནས་བརྗོད་བྱའི་ནང་དོན་མཚོན་ཐུབ་པའི་འཇོག་སྟངས་ལ་ཟེར།

དོན་ཚན་བཅུ་གཉིས་པ། གན་རྒྱའི་ནང་དོན་ནི་བདག་ཕྱོགས་གཉིས་བར་ཁ་དན་འཇོག་དགོས་ཤིང་། སྤྱིར་བཏང་དུ་གཤམ་གསལ་གྱི་དོན་ཚན་དག་ཚུད་ཡོད་པ་སྟེ།

(གཅིག)དོ་བདག་གི་མིང་ངམ་རུས་མིང་དང་སྡོད་གནས།

(གཉིས)དམིགས་བྱ།

(གསུམ)སྤུས་ཚད།

(ལྔ)རིན་འབབ་བམ་གླ་ཆ།

(དྲུག)སྒྲུབ་ཡུན་དང་སྒྲུབ་ཚད།

(བདུན)ཁ་ཆད་དང་འགལ་པའི་ཁག་འགལ།

(བརྒྱད)རྩོད་དོན་འདུམ་གཅོད་བྱེད་ཐབས་བཅས་ཡིན།

དོ་བདག་གིས་གན་རྒྱའི་དཔེ་སྟོན་ཡི་གེ་སྣ་ཚོགས་དཔྱད་གཞིར་བཟུང་ནས་གན་རྒྱ་སྣོལ་འཇོག་བྱས་ཆོག

དོན་ཚན་བཅུ་གསུམ་པ། དོ་བདག་གིས་གན་རྒྱ་སྣོལ་འཇོག་བྱེད་པར་ཁ་དན་འཇོག་པ་དང་བསྒྲུབ་རྒྱུ་ཁས་ལེན་པའི་བྱེད་སྟངས་ལག་ལེན་བསྟར་རྒྱུ།

དོན་ཚན་བཅུ་བཞི་པ། ཁ་དན་འཇོག་པ་ནི་སྐྱེ་བོ་གཞན་དང་གན་རྒྱ་འཇོག་རྒྱུའི་རེ་འདུན་ཞུ་དོན་སྟོན་པ་ཡིན་ཞིང་། གན་རྒྱ་འཇོག་རྒྱུའི་རེ་འདུན་སྟོན་པར་གཤམ་གསལ་གྱི་གཏན་འབེབས་དང་མཐུན་དགོས་པ་སྟེ།

(གཅིག)ནང་དོན་ཞིབ་ཕྲ་དང་ཁ་གསལ་ངེས་གཏན་ཡིན་པ་དང་།

(གཉིས)ཁ་དན་དང་ལེན་བྱེད་མཁན་གྱིས་བསྒྱུར་རྒྱུ་ཁས་ལེན་བྱས་རྗེས་ཁ་དན་འཇོག་མཁན་གྱིས་ཁས་ལེན་བྱེད་དོན་དེའི་འཆུན་འདོམས་དང་ལེན་བྱ་རྒྱུ་སྟོན་པ་གསལ་བོར་མཚོན་པ་བཅས་ཡིན།

དོན་ཚན་བཅོ་ལྔ་པ། ཁ་དན་འཇོག་པར་གདན་ཞུ་ཞེས་པ་ནི་སྐྱེ་བོ་གཞན་གྱིས་རང་ཉིད་ལ་ཁ་དན་འཇོག་རྒྱུའི་རེ་འདུན་སྟོན་པ་ཡིན་ཞིང་། བསྐུར་སྐྱེལ་རིན་གོང་གི་རེའུ་མིག་དང་། རིན་བཅག་ཚོང་སྒྱུར་གྱི་མཚམས་སྦྱོར་བརྡ་ཁྱབ། སྒྲུབ་འགན་འཁུར་འགུགས་པའི་མཚམས་སྦྱོར་བརྡ་ཁྱབ། མ་རྐང་འཇོག་མཁན་འགུགས་པའི་གསལ་བཤད་ཡི་གེ ཚོང་ལས་སྐོར་གྱི་མཚམས་སྦྱོར་བརྡ་ཁྱབ་སོགས་ནི་ཁ་དན་འཇོག་པར་གདན་ཞུ་བྱས་པ་ཡིན།

ཚོང་ལས་སྐོར་གྱི་མཚམས་སྦྱོར་བརྡ་ཁྱབ་ཀྱི་ནང་དོན་ཁ་དན་ནང་གསལ་གཏན་འབེབས་དང་མཐུན་རིགས་ནི་ཁ་དན་འཇོག་པར་བརྩི་རྒྱུ།

དོན་ཚན་བཅུ་དྲུག་པ། ཁ་དན་འཇོག་ཡིག་ཁ་དན་དང་ལེན་བྱེད་མཁན་གྱི་ལག་ཏུ་འབྱོར་བ་ནས་བཟུང་ནུས་པ་འཐོན་རྒྱུ།

གཞི་གྲངས་གློག་འཕྲིན་གཏོང་སྟངས་སྤྱད་དེ་གན་རྒྱ་སྣོལ་འཇོག་བྱེད་པར་གློག་འཕྲིན་ལེན་མཁན་གྱིས་དམིགས་འཛུགས་མ་ལག་གཏན་ཁེལ་གྱིས་གཞི་གྲངས་གློག་འཕྲིན་བསྡུ་ལེན་བྱེད་རིགས་ནི། གཞི་གྲངས་གློག་འཕྲིན་དེ་དམིགས་འཛུགས་མ་ལག་ཏུ་བཏང་པའི་དུས་ཚོད་དེ་འབྱོར་བའི་དུས་ཚོད་ལ་བརྩི་རྒྱུ། དམིགས་འཛུགས་མ་ལག་གཏན་ཁེལ་བྱས་མེད་ན། གཞི་གྲངས་གློག་འཕྲིན་དེ་གློག་འཕྲིན་ལེན་མཁན་གྱི་མ་ལག་གང་རུང་ལ་ཐོག་མར་བཏང་པའི་དུས་ཚོད་དེ་འབྱོར་བའི་དུས་ཚོད་དེ་འབྱོར་བའི་དུས་ཚོད་ལ་བརྩི་རྒྱུ།

དོན་ཚན་བཅུ་བདུན་པ། ཁ་དན་ཕྱིར་འཐེན་བྱས་ཆོག ཁ་དན་ཕྱིར་འཐེན་བྱ་རྒྱུའི་བརྡ་ཐོ་ནི་ཁ་དན་འཇོག་ཡིག་ཁ་དན་དང་ལེན་བྱེད་མཁན་གྱི་ལག་ཏུ་མ་འབྱོར་གོང་ངམ་ཁ་དན་འཇོག་ཡིག་དང་དུས་མཚུངས་སུ་ཁ་དན་དང་ལེན་བྱེད་མཁན་གྱི་ལག་ཏུ་འབྱོར་བ་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། ཁ་དན་རྩིས་མེད་དུ་བཏང་ཆོག ཁ་དན་རྩིས་མེད་དུ་གཏོང་བའི་བརྡ་ཐོ་ནི་ཁ་དན་དང་ལེན་བྱེད་མཁན་གྱིས་བསྒྲུབ་རྒྱུ་ཁས་ལེན་བྱ་རྒྱུའི་བརྡ་ཐོ་མ་བཏང་གོང་དུ་ཁ་དན་ལེན་བྱེད་མཁན་གྱི་ལག་ཏུ་འབྱོར་བ་བྱ་དགོས།

དོན་ཚན་བཅུ་དགུ་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཕྱིན། ཁ་དན་རྩིས་མེད་དུ་བཏང་མི་ཆོག་པ་སྟེ།

(གཅིག)ཁ་དན་འཇོག་མཁན་གྱིས་བསྒྲུབ་རྒྱུ་ཁས་ལེན་པའི་དུས་བཀག་གཏན་འཁེལ་བྱས་པའམ་རྣམ་པ་གཞན་གྱི་ཐོག་ནས་ཁ་དན་རྩིས་མེད་དུ་བཏང་མི་ཆོག་པ་གསལ་བོར་བསྟན་པ་དང་།

(གཉིས)ཁ་དན་དང་ལེན་བྱེད་མཁན་གྱིས་ཁ་དན་རྩིས་མེད་དུ་བཏང་མི་ཆོག་པའི་ངོས་འཛིན་བྱེད་པའི་རྒྱུ་མཚན་ཡོད་པའི་ཁར། གན་རྒྱ་བསྒྲུབ་རྒྱུའི་གྲ་སྒྲིག་གི་ལས་ཀ་བྱས་ཟིན་པ་བཅས་ཡིན།

དོན་ཚན་ཉི་ཤུ་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཕྱིན། ཁ་དན་རྩིས་འགྲོ་མེད་པར་གྱུར་བ་སྟེ།

(གཅིག)ཁ་དན་དང་ལེན་མི་བྱེད་པའི་བརྡ་ཐོ་ཁ་དན་འཇོག་མཁན་གྱི་ལག་ཏུ་འབྱོར་བ་དང་།

(གཉིས)ཁ་དན་འཇོག་མཁན་གྱིས་ཁྲིམས་ལྟར་ཁ་དན་རྩིས་མེད་དུ་བཏང་བ།

(གསུམ)བསྒྲུབ་རྒྱུ་ཁས་ལེན་བྱེད་པའི་དུས་བཀག་ཐིམ་ཡང་ཁ་དན་དང་ལེན་བྱེད་མཁན་གྱིས་བསྒྲུབ་རྒྱུ་ཁས་ལེན་བྱས་མེད་པ།

(བཞི)ཁ་དན་དང་ལེན་བྱེད་མཁན་གྱིས་ཁ་དན་འཇོག་ཡིག་གི་ནང་དོན་ལ་དོན་དངོས་ལྡན་པའི་བསྒྱུར་བཅོས་བྱས་པ་བཅས་ཡིན།

དོན་ཚན་ཉེར་གཅིག་པ། བསྒྲུབ་རྒྱུ་ཁས་ལེན་པ་ནི་ཁ་དན་དང་ལེན་བྱེད་མཁན་གྱིས་ཁ་དན་འཇོག་དོན་ལ་མོས་མཐུན་བྱེད་དོན་སྟོན་པ་ཡིན།

དོན་ཚན་ཉེར་གཉིས། བསྒྲུབ་རྒྱུ་ཁས་ལེན་བྱེད་སྐབས་བརྡ་ཐོ་གཏོང་ཐབས་སྤྱོད་དགོས། འོན་ཀྱང་ཉོ་ཚོང་བྱེད་པའི་གོམས་སྲོལ་ལམ་ཁ་དན་ནང་གསལ་སྟོན་བྱེད་པར་གཞིགས་ནས་བྱ་སྤྱོད་སྤེལ་བར་བརྟེན་ཏེ་བསྒྲུབ་རྒྱུ་ཁས་ལེན་བྱས་ཆོག་པ་འདིའི་ཁོངས་སུ་མི་ཚུད།

དོན་ཚན་ཉེར་གསུམ། བསྒྲུབ་རྒྱུ་ཁས་ལེན་པའི་ཡི་གེ་ནི་ཁ་དན་འཇོག་དོན་གཏན་ཁེལ་བྱེད་པའི་དུས་བཀག་ནང་ཚུད་དུ་ཁ་དན་འཇོག་མཁན་གྱི་ལག་ཏུ་འབྱོར་བ་བྱ་དགོས།

ཁ་དན་འཇོག་ཡིག་ནང་བསྒྲུབ་རྒྱུ་ཁས་ལེན་པའི་དུས་བཀག་གཏན་འཁེལ་བྱས་མེད་རིགས་གཤམ་གསལ་གྱི་གཏན་འབེབས་ལྟར་བསྒྲུབ་རྒྱུ་ཁས་ལེན་པའི་ཡི་གེ་འབྱོར་བ་བྱ་དགོས་པ་སྟེ།

(གཅིག)ཁ་དན་གླེང་མོལ་བྱེད་སྟངས་ཐོག་ནས་འཇོག་རིགས་ནི་བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་དུས་ཐོག་ཏུ་བསྟན་དགོས་མོད། འོན་ཀྱང་དོ་བདག་བར་ཁ་ཆད་གཞན་དག་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད་པ་དང་།

(གཉིས)ཁ་དན་གློང་མོལ་བྱེད་སྟངས་ཐོག་ནས་འཇོག་པ་མིན་རིགས་ནི་ལུགས་མཐུན་གྱི་དུས་བཀག་ནང་བསྒྲུབ་རྒྱུ་ཁས་ལེན་པའི་ཡི་གེ་ལག་ཏུ་འབྱོར་བ་བྱ་དགོས་པ་བཅས་ཡིན།

དོན་ཚན་ཉེར་བཞི་པ། ཁ་དན་འཕྲིན་ཡིག་གམ་ཏར་གྱི་ཐོག་ནས་འཇོག་རིགས་ཀྱི་བསྒྲུབ་རྒྱུ་ཁས་ལེན་པའི་དུས་བཀག་ནི་འཕྲིན་ཡིག་ལ་གསལ་བོར་འཁོད་པའི་ཚེས་གྲངས་སམ་ཏར་གཏོང་བའི་ཉིན་མོ་ནས་བརྩི་རྒྱུ། གལ་ཏེ་འཕྲིན་ཡིག་ལ་ཚེས་གྲངས་གསལ་འཁོད་བྱས་མེད་ན་འཕྲིན་ཡིག་དེ་བསྐུར་བའི་སྦྲག་ཐེལ་བརྒྱབ་པའི་ཚེས་གྲངས་ནས་བརྩི་རྒྱུ། ཁ་དན་ཁ་པར་དང་བརྙན་སྐྱེལ་སོགས་འཕྲིན་སྐྱེལ་བྱེད་སྟངས་མགྱོགས་པོར་བརྟེན་ནས་འཇོག་རིགས་ཀྱི་བསྒྲུབ་རྒྱུ་ཁས་ལེན་པའི་དུས་བཀག་ནི་ཁ་དན་དང་ལེན་བྱེད་མཁན་གྱི་ལག་ཏུ་ཁ་དན་འཇོག་ཡིག་འབྱོར་ཉིན་ནས་བརྩི་རྒྱུ།

དོན་ཚན་ཉེར་ལྔ་པ། བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་ལ་ནུས་པ་ཐོན་པ་ནས་གན་རྒྱ་བཞག་པར་བརྩི་རྒྱུ།

དོན་ཚན་ཉེར་དྲུག་པ། བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་ནི་བརྡ་ཐོ་ཁ་དན་འཇོག་མཁན་གྱི་ལག་ཏུ་འབྱོར་ཉིན་ནས་ནུས་པ་འཐོན་རྒྱུ། བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་བརྡ་ཐོ་གཏོང་མི་དགོས་པ་ཡིན་ན། ཉོ་ཚོང་བྱེད་པའི་གོམས་སྲོལ་ལམ་ཁ་དན་ནང་གསལ་བླང་བྱ་ལྟར་བསྒྲུབ་རྒྱུ་ཁས་ལེན་བྱེད་པའི་བྱ་སྤྱོད་སྤེལ་བ་ནས་ནུས་པ་འཐོན་རྒྱུ།

གཞི་གྲངས་གློག་འཕྲིན་གཏོང་སྟངས་ཐོག་ནས་གན་རྒྱ་འཇོག་རིགས་བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་འབྱོར་བའི་དུས་ཚོད་ནི་བཅའ་ཁྲིམས་འདིའི་དོན་ཚན་བཅུ་དྲུག་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་སྤྱད་འཐུས།

དོན་ཚན་ཉེར་བདུན་པ། བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་ཕྱིར་འཐེན་བྱས་ཆོག བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་ཕྱིར་འཐེན་བྱ་རྒྱུའི་བརྡ་ཐོ་ནི་བསྒྲུབ་རྒྱུ་ཁས་ལེན་བྱེད་རྒྱུའི་བརྡ་ཐོ་ཁ་དན་འཇོག་མཁན་གྱི་ལག་ཏུ་མ་འབྱོར་གོང་ངམ་བསྒྲུབ་རྒྱུ་ཁས་ལེན་བྱ་རྒྱུའི་བརྡ་ཐོ་དང་དུས་གཅིག་ཏུ་ཁ་དན་འཇོག་མཁན་གྱི་ལག་ཏུ་འབྱོར་བ་བྱ་དགོས།

དོན་ཚན་ཉེར་བརྒྱད་པ། ཁ་དན་དང་ལེན་བྱེད་མཁན་གྱིས་བསྒྲུབ་རྒྱུ་ཁས་ལེན་པའི་དུས་བཀག་ལས་བརྒལ་རྗེས་བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་བཏང་རིགས་ནི་ཁ་དག་འཇོག་མཁན་གྱིས་དུས་ཐོག་ཏུ་ཁ་དན་དང་ལེན་བྱེད་མཁན་ལ་བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་དེ་རྩིས་འགྲོ་ཡོད་པའི་བརྡ་ཐོ་གཏོང་བ་ཕུད་ཁ་དན་འཇོག་ཡིག་གསར་པར་བརྩི་རྒྱུ།

དོན་ཚན་ཉེར་དགུ་པ། ཁ་དན་དང་ལེན་བྱེད་མཁན་གྱིས་བསྒྱུར་རྒྱུ་ཁས་ལེན་པའི་དུས་བཀག་ནང་ཚུན་དུ་བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་བཏང་བ་དེ་རྒྱུན་ལྡན་གྱི་གནས་ཚུལ་ལྟར་ན་དུས་ཐོག་ཏུ་ཁ་དན་འཇོག་མཁན་གྱི་ལག་ཏུ་འབྱོར་ཐུབ་མོད། འོན་ཀྱང་རྒྱུ་རྐྱེན་གཞན་དག་གི་རྐྱེན་གྱིས་བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་ཁ་དན་འཇོག་མཁན་གྱི་ལག་ཏུ་འབྱོར་དུས་བསྒྲུབ་རྒྱུ་ཁས་ལེན་པའི་དུས་བཀག་ལས་བརྒལ་ན། ཁ་དན་འཇོག་མཁན་གྱིས་ཁ་དན་དང་ལེན་བྱེད་མཁན་ལ་བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་དེ་དུས་བཀག་ལས་བརྒལ་བའི་རྐྱེན་གྱིས་དང་ལེན་མི་བྱེད་པ་དུས་ཐོག་ཏུ་བརྡ་ཐོ་བཏང་བ་ཕུད་བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་དེ་རྩིས་འགོ་ཡོད།

དོན་ཚན་སུམ་ཅུ་པ། བསྒྲུབ་རྒྱུ་ཁས་ལེན་པའི་ནང་དོན་དང་ཁ་དན་འཇོག་ཡིག་གི་ནང་དོན་གཅིག་མཚུངས་དགོས། ཁ་དན་དང་ལེན་བྱེད་མཁན་གྱིས་ཁ་དན་འཇོག་ཡིག་གི་ནང་དོན་ལ་དོན་དངོས་ལྡན་པའི་བསྒྱུར་བཅོས་བྱས་རིགས་ནི་ཁ་དན་འཇོག་ཡིག་གསར་པར་བརྩི་རྒྱུ། གན་རྒྱའི་དམིགས་བྱ་དང་། གྲངས་ཚད། སྤུས་ཚད། རིན་འབབ་བམ་ཐོབ་ཆ། བསྒྲུབ་རྒྱུའི་ཡུན་ཚད། སྒྲུབ་ཡུལ་དང་སྒྲུབ་སྟངས། གན་དོན་དང་འགལ་བའི་ཁག་འགན། རྩོད་དོན་ཐག་གཅོད་བྱེད་ཐབས་ལ་སོགས་པའི་སྐོར་བསྒྱུར་བཅོས་བྱེད་པ་ནི་ཁ་དན་འཇོག་ཡིག་གི་ནང་དོན་ལ་དོན་དངོས་ལྡན་པའི་བསྒྱུར་བཅོས་བྱས་པ་ཡིན།

དོན་ཚན་སོ་གཅིག་པ། བསྒྲུབ་རྒྱུ་ཁས་ལེན་པའི་ནང་དུ་ཁ་དན་འཇོག་ཡིག་གི་ནང་དོན་ལ་དོན་དངོས་མིན་པའི་བསྒྱུར་བཅོས་བྱས་པ་ཡིན་ན། ཁ་དན་འཇོག་མཁན་གྱིས་དུས་ཐོག་ཏུ་ངོ་རྒོལ་བྱེད་པའམ་ཡང་ན་ཁ་དན་འཇོག་ཡིག་ནང་དུ་བསྒྲུབ་རྒྱུ་ཁས་ལེན་པའི་ནང་ཁ་དན་འཇོག་ཡིག་གི་ནང་དོན་ལ་བསྒྱུར་བཅོས་ཅི་ཡང་བྱས་མི་ཆོག་པ་གསལ་བོར་འཁོད་པ་ཕུད། བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་དེ་རྩིས་འགྲོ་ཡོད་ཅིང་། བསྒྲུབ་རྒྱུ་ཁས་ལེན་པའི་ནང་དོན་དེ་ཉིད་གན་རྒྱའི་ནང་དོན་གྱི་ཚད་གཞིར་འཛིན་རྒྱུ།

དོན་ཚན་སོ་གཉིས་པ། དོ་བདག་གིས་གན་རྒྱའི་ཡི་གེ་འཇོག་སྟངས་ཐོག་ནས་གན་རྒྱ་འཇོག་རིགས་དོ་བདག་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའམ་ཐེལ་ཙེ་བརྒྱབ་ཚེ་གན་རྒྱ་བཞག་པར་བརྩི་རྒྱུ།

དོན་ཚན་སོ་གསུམ་པ། དོ་བདག་གིས་འཕྲིན་ཡིག་དང་། གཞི་གྲངས་གློག་འཕྲིན་སོགས་གཏོང་སྟངས་ཐོག་ནས་གན་རྒྱ་འཇོག་རིགས། གན་རྒྱ་མ་བཞག་གོང་ལ་དངོས་སུ་ཁས་ལེན་པའི་ཡི་གེ་འཇོག་རྒྱུའི་རེ་བ་བཏོན་ཆོག དངོས་སུ་ཁས་ལེན་པའི་ཡི་གེ་བཞག་ཚེ་གན་རྒྱ་བཞག་པར་བརྩི་རྒྱུ།

དོན་ཚན་སོ་བཞི་པ། བསྒྲུབ་རྒྱུ་ཁས་ལེན་བྱེད་དོན་ནུས་པ་ཐོན་ས་དེ་ཉིད་གན་རྒྱ་འཇོག་པའི་ས་ཆར་བྱ་རྒྱུ།

གཞི་གྲངས་གློག་འཕྲིན་གཏོང་སྟངས་ཐོག་ནས་གན་རྒྱ་འཇོག་རིགས་ཡིན་ན། གློག་འཕྲིན་འབྱོར་མཁན་གྱི་ལས་གཉེར་བྱ་ཡུལ་གཙོ་བོ་དེ་ཉིད་གན་རྒྱ་འཇོག་པའི་ས་ཆར་བྱ་རྒྱུ། ལས་གཉེར་གཙོ་བོ་བྱ་ཡུལ་མེད་ན་དེའི་རྒྱུན་སྡོད་བྱེད་ས་དེ་ཉིད་གན་རྒྱ་འཇོག་པའི་ས་ཆར་བྱ་རྒྱུ། དོ་བདག་གིས་ལོགས་སུ་ཁ་ཆད་བཞག་ཡོད་ན། ཁ་ཆད་ལྟར་བྱ་རྒྱུ།

དོན་ཚན་སོ་ལྔ་པ། དོ་བདག་གིས་གན་རྒྱའི་ཡི་གེ་འཇོག་སྟངས་ཐོག་ནས་གན་རྒྱ་བཞག་པ་ཡིན་ན། དོ་བདག་ཕྱོགས་གཉིས་ཀྱིས་མིང་རྟགས་འགོད་པའམ་ཐེལ་ཙེ་རྒྱག་ས་དེ་ཉིད་གན་རྒྱ་འཇོག་པའི་ས་ཆར་བྱ་རྒྱུ།

དོན་ཚན་སོ་དྲུག་པ། ཡིག་ཐོག་འཇོག་སྟངས་སྤྱད་དེ་གན་རྒྱ་འཇོག་རྒྱུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའམ་དོ་བདག་བར་ཁ་ཆད་བཞག་རིགས་དོ་བདག་གིས་ཡིག་ཐོག་འཇོག་སྟངས་སྤྱད་མེད་ཀྱང་ཕྱོགས་གཅིག་གིས་འོས་འགན་གཙོ་བོར་བསྒྲུབས་ཤིང་ཕྱོགས་ཅིག་ཤོས་ཀྱིས་ཁས་བླངས་པ་ཡིན་ན། གན་རྒྱ་དེ་བཞག་པར་བརྩི་རྒྱུ།

དོན་ཚན་སོ་བདུན་པ། གན་རྒྱའི་ཡི་གེ་འཇོག་སྟངས་སྤྱད་ནས་གན་རྒྱ་འཇོག་པར་མིང་རྟགས་མ་བཀོད་པའམ་ཐེལ་ཙེ་མ་བརྒྱབ་པའི་གོང་ལ་དོ་བདག་ཕྱོགས་གཅིག་གིས་འོས་འགན་གཙོ་བོ་བསྒྲུབས་ཤིང་ཕྱོགས་ཅིག་ཤོས་ཀྱིས་ཁས་བླངས་པ་ཡིན་ན། གན་རྒྱ་དེ་བཞག་པར་བརྩི་རྒྱུ།

དོན་ཚན་སོ་བརྒྱད་པ། རྒྱལ་ཁབ་ཀྱིས་དགོས་མཁོར་གཞིགས་ནས་འོག་རིམ་ལ་བཀས་སྐུལ་གྱི་རང་བཞིན་ལྡན་པའི་ལས་འགན་ནམ་ཡང་ན་དངོས་ཟོག་སྔོན་མངག་གི་འགན་སྤྲད་པ་ཡིན་ན། འབྲེལ་ཡོད་ཁྲིམས་མིའི་བར་དང་རྩ་འཛུགས་གཞན་དག་བར་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཁེ་དབང་དང་འོས་འགན་ལྟར་གན་རྒྱ་འཇོག་དགོས།

དོན་ཚན་སོ་དགུ་པ། ཚད་ལྡན་རྣམ་གཞག་གི་དོན་ཚན་ཡོད་པའི་ཐོག་ནས་གན་རྒྱ་བཞག་པ་ཡིན་ན། ཚན་ལྡན་རྣམ་གཞག་གི་དོན་ཚན་འདོན་སྤྲོད་བྱེད་པའི་ཕྱོགས་ཀྱིས་ཕྱོགས་ཞེན་མེད་པའི་རྩ་དོན་གཞིར་བཟུང་སྟེ་དོ་བདག་བར་གྱི་ཁེ་དབང་དང་འོས་འགན་གཏན་འབེབས་བྱ་དགོས་པ་མ་ཟད། ལུགས་མཐུན་གྱི་བྱེད་སྟངས་སྤྱད་ནས་ཕྱོགས་ཅིག་ཤོས་ལ་དེའི་འགན་འཁྲི་མེད་པར་བཟོ་བའམ་ཡང་ན་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་དོན་ཚན་ལ་ཡིད་འཇོག་བྱ་དགོས་པའི་རེ་འདུན་ཞུ་བ་དང་། ཕྱོགས་གཅིག་ཤོས་ཀྱི་རེ་འདུན་ལྟར་དོན་ཚན་དེར་གསལ་བཤད་བྱ་རྒྱུ།

ཚན་ལྡན་རྣམ་གཞག་གི་དོན་ཚན་ཞེས་པ་ནི་དོ་བདག་གིས་བེད་སྤྱོད་བསྐྱར་མ་བྱེད་ཆེད་སྔོན་ནས་གཏན་འཁེལ་བྱས་པ་ཞིག་ཡིན་ཞིང་། གན་རྒྱ་འཇོག་སྐབས་ཕྱོགས་ཅིག་ཤོས་དང་གྲོས་མོལ་བྱས་མེད་པའི་དོན་ཚན་ཡིན།

དོན་ཚན་བཞི་ཅུ་པ། ཚད་ལྡན་རྣམ་གཞག་གི་དོན་ཚན་ལ་བཅའ་ཁྲིམས་འདིའི་དོན་ཚན་ང་གཉིས་པ་དང་དོན་ཚན་ང་གསུམ་པའི་ནང་གཏན་ལ་ཕབ་པའི་གནས་ཚུལ་ཡོད་པའམ་ཡང་ན་ཚད་ལྡན་རྣམ་གཞག་གི་དོན་ཚན་འདོན་སྤྲོད་བྱེད་མཁན་ཕྱོགས་གཅིག་གིས་རང་གི་འགན་འཁྲི་མེད་པར་བཟོས་པ་དང་། ཕྱོགས་གཅིག་ཤོས་ཀྱི་འགན་འཁྲི་ལྕི་རུ་བཏང་བ། ཕྱོགས་ཅིག་ཤོས་ཀྱི་ཁེ་དབང་ཁས་མ་བླངས་པ་བཅས་ཡིན་ན། དོན་ཚན་དེ་རྩིས་འགྲོ་མེད་པ་ཡིན།

དོན་ཚན་ཞེ་གཅིག་པ། རྣམ་གཞག་ཚད་ལྡན་གྱི་དོན་ཚན་གྱི་གོ་བ་ལེན་སྟངས་ཐད་རྩོད་པ་བྱུང་བ་ཡིན་ན། དུས་རྒྱུན་གོ་བ་ལེན་སྟངས་ལྟར་འགྲེལ་བཤད་རྒྱག་རྒྱུ། རྣམ་གཞག་ཚད་ལྡན་གྱི་གོ་དོན་ལ་འགྲེལ་བཤད་རྒྱག་སྟངས་གཉིས་ཡན་ཡོད་ཕྱིན། རྣམ་གཞག་ཚད་ལྡན་གྱི་དོན་ཚན་འདོན་སྤྲོད་བྱེད་མཁན་ཕྱོགས་ལ་མི་ཕན་པའི་འགྲེལ་བཤད་རྒྱག་དགོས། རྣམ་གཞག་ཚད་ལྡན་གྱི་དོན་ཚན་དང་རྣམ་གཞག་ཚད་ལྡན་གྱི་དོན་ཚན་མིན་པ་གཉིས་གཅིག་མཐུན་མ་བྱུང་ན། རྣམ་གཞག་ཚད་ལྡན་གྱི་དོན་ཚན་མིན་པ་ལག་ལེན་ཏུ་བསྟར་དགོས།

དོན་ཚན་ཞེ་གཉིས་པ། དོ་བདག་བར་གན་རྒྱ་འཇོག་རིང་གཤམ་གསལ་གྱི་གནས་ཚུལ་ལས་གཅིག་ཡོད་ཅིང་། ཕྱོགས་ཅིག་ཤོས་ལ་གྱོང་གུན་བཟོས་པ་ཡིན་ན། གུན་གསབ་འཇལ་འགན་འཁུར་དགོས་པ་སྟེ།

(གཅིག)གན་རྒྱ་འཇོག་པར་ཁ་གཡར་ནས་བསམ་ངན་བཅངས་ཏེ་གྲོས་མོལ་བྱེད་པ་དང་།

(གཉིས)གན་རྒྱ་འཇོག་པ་དང་འབྲེལ་བ་ཡོད་པའི་དོན་དངོས་གལ་ཆེན་བསམ་བཞིན་དུ་སྦས་སྐུང་བྱེད་པའམ་གནས་ཚུལ་རྫུན་མ་འདོན་སྤྲོད་བྱེད་པ།

(གསུམ)ཁ་བཤད་དོན་ལ་གནས་པའི་རྩ་དོན་དང་འགལ་བའི་བྱ་སྤྱོད་གཞན་དག་ཡོད་པ་བཅས་སོ། །

དོན་ཚན་ཞེ་གསུམ་པ། དོ་བདག་བར་གན་རྒྱ་འཇོག་རང་ཚོང་ལས་ཀྱི་གསང་བ་ཤེས་པ་རྣམས་གན་རྒྱ་འཇོག་ཐུབ་མིན་ལ་མ་བལྟོས་པར་གསང་དོན་ཕྱིར་སྒྲིག་པའམ་ཡང་ན་བེད་སྤྱོད་ལུགས་མཐུན་མིན་པ་བྱས་མི་ཆོག ཚོང་ལས་ཀྱི་གསང་དོན་དེ་རིགས་ཕྱིར་བསྒྲགས་པའམ་ཡང་ན་ལུགས་མཐུན་མིན་པའི་སྒོ་ནས་སྤྱད་དེ་ཕྱོགས་ཅིག་ཤོས་ལ་གྱོང་གུན་བཟོས་པ་ཡིན་ན། གུན་གསབ་འཇལ་འགན་འཁུར་དགོས།

3 ལེའུ་གསུམ་པ། གན་རྒྱའི་ནུས་པའི་སྐོར།

དོན་ཚན་ཞེ་བཞི་པ། ཁྲིམས་ལྟར་གན་རྒྱ་བཞག་པ་དེར་བཞག་པའི་ཉིན་ནས་ནུས་པ་འཐོན་རྒྱུ།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་ནང་དུ་ཆོག་མཆན་འགོད་པ་དང་ཐོར་འགོད་སོགས་ཀྱི་འགྲོ་ལུགས་འགྲིམས་རྗེས་ནུས་པ་འཐོན་རྒྱུའི་གཏན་འབེབས་བྱས་ཡོད་ན།

གཏན་འབེབས་འདི་ལྟར་བྱ་རྒྱུ།

དོན་ཚན་ཞེ་ལྔ་པ། དོ་བདག་གིས་གན་རྒྱར་ནུས་པ་འཐོན་རྒྱུའི་ཐད་ཆ་རྐྱེན་ཟུར་བཀོད་བྱ་རྒྱུའི་ཁ་ཆད་བཞག་ཆོག ནུས་པ་ཐོན་རྒྱུའི་ཆ་རྐྱེན་ཟུར་བཀོད་བྱས་པའི་གན་རྒྱ་ཡིན་ན། ཆ་རྐྱེན་འཛོམས་ཚེ་ནུས་པ་འཐོན་རྒྱུ། ཕྱིར་འཐེན་བྱ་རྒྱུའི་ཆ་རྐྱེན་ཟུར་བཀོད་བྱས་པའི་གན་རྒྱ་ཡིན་ན། ཆ་རྐྱེན་མཛོམས་ཚེ་གོ་མི་ཆོད་པར་འགྱུར་རྒྱུ།

དོ་བདག་གིས་རང་ཉིད་ཀྱི་ཁེ་ཕན་གཉེར་ཆེད་ཆ་རྐྱེན་འཛོམས་རྒྱུར་ཚུལ་དང་མི་མཐུན་པའི་སྒོ་ནས་བཀག་འགོག་བྱས་རིགས་ཆ་རྐྱེན་འཛོམས་པར་བརྩི་རྒྱུ། ཆ་རྐྱེན་འཛོམས་རྒྱུར་ཚུལ་དང་མི་མཐུན་པའི་སྒོ་ནས་སྐུལ་འདེད་བཏང་རིགས་ཆ་རྐྱེན་འཛོམས་མེད་པར་བརྩི་རྒྱུ།

དོན་ཚན་ཞེ་དྲུག་པ། དོ་བདག་གིས་གན་རྒྱར་ནུས་པ་འཐོན་རྒྱུའི་ཐད་དུས་བཀག་ཟུར་བཀོད་བྱ་རྒྱུའི་ཁ་ཆད་བཞག་ཆོག ནུས་པ་འཐོན་རྒྱུའི་དུས་བཀག་ཟུར་བཀོད་བྱས་པའི་གན་རྒྱ་ཡིན་ན། དུས་བཀག་ཐིམ་ཚེ་གོ་ཆོད་པའི་ནུས་པ་འཐོན་རྒྱུ། དུས་བཀག་མཇུག་སྒྲིལ་རྒྱུ་ཟུར་བཀོད་བྱས་པའི་གན་རྒྱ་ཡིན་ན། དུས་བཀག་ཐིམ་ཚེ་གོ་མི་ཆོད་པར་འགྱུར་རྒྱུ།

དོན་ཚན་ཞེ་བདུན་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་གྱིས་གན་རྒྱ་འཇོག་རིགས་ཁྲིམས་བཀོད་ངོ་ཚབ་ཀྱིས་རྗེས་སུ་ཁས་བླངས་རྗེས་གན་རྒྱ་དེ་གོ་ཆོད་པ་ཡིན། ཡིན་ན་ཡང་ཁེ་ཕན་ཁེར་གཙང་ཐོབ་པའི་གན་རྒྱའམ་ཡང་ན་དེའི་ལོ་ཚོད་དང་། རིག་སྟོབས། ལུས་སེམས་བདེ་ཚུལ་བཅས་དང་འཚམས་པས་གན་རྒྱ་བཞག་པ་ཡིན་ན། ཁྲིམས་བཀོད་ཀྱི་ངོ་ཚབ་ཀྱིས་རྗེས་སུ་ཁས་ལེན་བྱ་མི་དགོས།

བལྟོས་བཅོས་ཀྱི་མིས་ཁྲིམས་བཀོད་ངོ་ཚབ་ལ་ཟླ་གཅིག་གི་ནང་རྗེས་སུ་ཁས་ལེན་དགོས་པའི་སྐུལ་འདེད་བྱས་ཆོག ཁྲིམས་བཀོད་ངོ་ཚབ་ཀྱིས་ཁས་ལེན་ཚུལ་མ་བསྟན་ན། ཁས་ལེན་མི་བྱེད་པར་བརྩི་རྒྱུ། གན་རྒྱ་རྗེས་སུ་ཁས་མ་བླངས་གོང་ལ་བལྟོས་བཅོས་ཀྱི་མི་སེམས་བཟང་ཅན་ལ་གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་དབང་ཆ་ཡོད་ཅིང་། ཕྱིར་འཐེན་ནི་བརྡ་ཐོ་གཏོང་སྟངས་ཐོག་ནས་བྱ་དགོས།

དོན་ཚན་ཞེ་བརྒྱད་པ། བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་བྱེད་དབང་མེད་པ་དང་། ངོ་ཚབ་བྱེད་དབང་ལས་བརྒལ་བའམ་ཡང་ན་ངོ་ཚབ་བྱེད་དབང་མཇུག་སྒྲིལ་རྗེས་དེས་ངོ་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་གན་རྒྱ་བཞག་རིགས། ངོ་ཚབ་བྱ་ཡུལ་གྱི་མིས་རྗེས་སུ་ཁས་མ་བླངས་ན་དེས་ངོ་ཚབ་བྱ་ཡུལ་གྱི་མིར་ནུས་པ་མི་ཐོན་པས། བྱ་སྤྱོད་སྤེལ་མཁན་གྱིས་ཁག་འགན་འཁུར་རྒྱུ།

བལྟོས་བཅོས་ཀྱི་མིང་ངོ་ཚབ་བྱ་ཡུལ་གྱི་མིར་ཟླ་གཅིག་གི་ནང་རྗེས་སུ་ཁས་ལེན་དགོས་པའི་སྐུལ་འདེད་བྱས་ཆོག ངོ་ཚབ་བྱ་ཡུལ་གྱི་མིས་ཁས་ལེན་ཚུལ་མ་བསྟན་ན། ཁས་ལེན་མི་བྱེད་པར་བརྩི་རྒྱུ། གན་རྒྱ་རྗེས་སུ་ཁས་ལེན་མ་བྱས་གོང་ལ་བལྟོས་བཅོས་ཀྱི་མི་སེམས་བཟང་ཅན་ལ་གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་དབང་ཆ་ཡོད་ཅིང་། ཕྱིར་འཐེན་ནི་བརྡ་ཐོ་གཏོང་སྟངས་ཐོག་ནས་བྱ་དགོས།

དོན་ཚན་ཞེ་དགུ་པ། བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་བྱེད་དབང་མེད་པ་དང་། ངོ་ཚབ་བྱེད་དབང་ལས་བརྒལ་བའམ་ཡང་ན་ངོ་ཚབ་བྱེད་དབང་མཇུག་སྒྲིལ་རྗེས་དེས་ངོ་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་གན་རྒྱ་བཞག་རིགས། བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་བྱེད་དབང་ཡོད་པར་བལྟོས་བཅོས་ཀྱི་མིས་ཡིད་ཆེས་བྱ་རྒྱུའི་རྒྱུ་མཚན་ཡོད་ན། ངོ་ཚབ་བྱེད་པའི་བྱ་སྤྱོད་དེར་ནུས་པ་འཐོན་རྒྱུ།

དོན་ཚན་ལྔ་ཅུ་པ། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གི་ཁྲིམས་བཀོད་འཐུས་ཚབ་དང་འགན་འཁུར་པས་དབང་མཚམས་ལས་བརྒལ་ཏེ་གན་རྒྱ་བཞག་རིགས། བལྟོས་བཅོས་ཀྱི་མིས་དེ་དབང་མཚམས་ལས་བརྒལ་བ་ཡིན་པ་རྟོགས་པའམ་ཡང་ན་རྟོགས་དགོས་པ་ཕུད། འཐུས་ཚབ་བྱེད་པའི་བྱ་སྤྱོད་དེར་ནུས་པ་འཐོན་རྒྱུ།

དོན་ཚན་ང་གཅིག་པ། ཐག་གཅོད་བྱེད་དབང་མེད་པའི་མིས་མི་གཞན་པའི་རྒྱུ་ནོར་ཐག་བཅད་ཅིང་། དབང་ཆ་ཡོད་པའི་མིས་རྗེས་སུ་ཁས་བླངས་པའམ་ཡང་ན་ཐག་གཅོད་བྱེད་དབང་མེད་པའི་མིས་གན་རྒྱ་བཞག་རྗེས་ཐག་གཅོད་བྱེད་དབང་ཐོབ་པ་ཡིན་ན། གན་རྒྱ་དེར་ནུས་པ་ཐོན་རྒྱུ།

དོན་ཚན་ང་གཉིས་པ། གཤམ་འཁོད་ཀྱི་གནས་ཚུལ་ལསརིགས་གཅིག་ཡོད་ན། གན་རྒྱ་གོ་མི་ཆོད་པ་སྟེ།

(གཅིག)ཕྱོགས་གཅིག་གིས་མགོ་སྐོར་གཏོང་བ་དང་བཙན་ཤེད་ཀྱི་བྱེད་སྟངས་ཐོག་ནས་གན་རྒྱ་བཞག་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་དང་།

(གཉིས)བསམ་ངན་ཁོག་བཅུག་གིས་ངན་འབྲེལ་བྱས་ནས་རྒྱལ་ཁབ་དང་ཐུན་མོང་ངམ་ཕུང་གསུམ་པ་བཅས་ཀྱི་ཁེ་ཕན་ལ་གནོད་པ།

(གསུམ)ཁྲིམས་མཐུན་གྱི་བྱེད་སྟངས་ལ་བརྟེན་ནས་ཁྲིམས་འགལ་གྱི་དམིགས་ཡུལ་གཡོ་འགེབས་བྱེད་པ།

(བཞི)སྤྱི་ཚོགས་ཀྱི་སྤྱི་པའི་ཁེན་ཕན་ལ་གནོད་པ།

(ལྔ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་འགལ་བའི་བཙན་ཤེད་ཀྱི་རང་བཞིན་ལྡན་པའི་གཏན་འབེབས་བཅས་ཡིན།

དོན་ཚན་ང་གསུམ་པ། གན་རྒྱའི་ནང་ཁོངས་གཤམ་གསལ་གྱི་ཁག་འགན་མེད་པར་བཟོས་པའི་དོན་ཚན་གོ་མི་ཆོད་པ་སྟེ།

(གཅིག)ཕྱོགས་ཅིག་ཤོས་ཀྱི་མིའི་ལུས་ལ་གནོད་སྐྱོན་བཏང་རིགས་དང་།

(གཉིས)བསམ་བཞིན་དུའམ་ནོར་འཛོལ་ཚབས་ཆེན་ཤོར་བའི་རྐྱེན་ལས་ཕྱོགས་ཅིག་ཤོས་ཀྱི་རྒྱུ་ནོར་ལ་གྱོང་གུན་བཟོས་རིགས་བཅས་ཡིན།

དོན་ཚན་ང་བཞི་པ། དོ་བདག་ཕྱོགས་གཅིག་ལ་མི་དམངས་ཁྲིམས་ཁང་མ་ཡང་ན་འདུམ་གཅོད་ཁུངས་ལ་གཤམ་གསལ་གན་རྒྱ་བསྒྱུར་བཅོས་སམ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་དབང་ཡོད་པ་སྟེ།

(གཅིག)གོ་ལོག་ཧ་ཅང་ཆེན་པོ་ཐེབས་པའི་རྐྱེན་གྱིས་བཞག་པ་དང་།

(གཉིས)གན་རྒྱ་འཇོག་སྐབས་ཕྱོགས་ཞེན་མེད་པ་མངོན་གསལ་མ་ཡིན་པ་བཅས་ཡིན།

ཕྱོགས་གཅིག་གིས་མགོ་སྐོར་གཏོང་བ་དང་བཙན་ཤེད་བྱེད་སྟངས་ལ་བརྟེན་པའམ་ཡང་ན་གཞན་ཉེན་ཡོད་པའི་སྐབས་དང་བསྟུན་ནས་ཕྱོགས་ཅིག་ཤོས་ཀྱི་བསམ་ཚུལ་ངོ་མ་དང་འགལ་བའི་གནས་ཚུལ་འོག་ནས་གན་རྒྱ་སྣོལ་འཇོག་བྱས་རིགས། གནོད་སྐྱོན་ཐེབས་པའི་ཕྱོགས་དེར་མི་དམངས་ཁྲིམས་ཁང་ངམ་ཡང་ན་འདུམ་གཅོད་ལས་ཁུངས་ལ་བསྒྱུར་བཅོས་སམ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་དབང་ཡོད།

དོ་བདག་གིས་བསྒྱུར་བཅོས་བྱ་རྒྱུའི་རེ་འདུན་ཞུས་ན་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ཀྱིས་ཕྱིར་འཐེན་བྱས་མི་ཆོག

དོན་ཚན་ང་ལྔ་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཕྱིར་འཐེན་བྱ་རྒྱུའི་དབང་ཆ་མེད་པར་གྱུར་པ་སྟེ།

(གཅིག)ཕྱིར་འཐེན་བྱ་རྒྱུའི་དབང་ཆ་ཡོད་པའི་དོ་བདག་གིས་ཕྱིར་འཐེན་བྱ་རྒྱུའི་དོན་རྩ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བཟུང་སྟེ་ལོ་གཅིག་ནང་ཕྱིར་འཐེན་བྱ་རྒྱུའི་དབང་ཆ་མ་སྤྱད་པ་དང་།

(གཉིས)ཕྱིར་འཐེན་བྱ་རྒྱུའི་དབང་ཆ་ཡོད་པའི་དོ་བདག་གིས་ཕྱིར་འཐེན་བྱ་རྒྱུའི་དོན་རྩ་ཤེས་རྗེས་ཕྱིར་འཐེན་བྱ་རྒྱུའི་དབང་ཆ་འདོར་རྒྱུ་གསལ་བོར་བསྟན་པའམ་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་ཕྱིར་འཐེན་བྱ་རྒྱུའི་དབང་ཆ་དོར་བ་བཅས་ཡིན།

དོན་ཚན་ང་དྲུག་པ། གོ་མི་ཆོད་པའི་གན་རྒྱའམ་ཡང་ན་ཕྱིར་འཐེན་བྱས་པའི་གན་རྒྱར་དང་ཐོག་ནས་བཅའ་ཁྲིམས་ཀྱི་གཅུན་ནུས་མེད་པ་དང་། གན་རྒྱའི་ནང་དོན་ཁག་གཅིག་གོ་མོ་ཆོད་པར་གྱུར་ནའང་། ནང་དོན་ཁག་གཞན་པར་ནུས་པ་ཐོན་པར་ཤུགས་རྐྱེན་མི་ཐེབས་པའི་རིགས། ཁག་གཞན་པར་སྔར་བཞིན་ནུས་པ་འཐོན་རྒྱུ།

དོན་ཚན་ང་བདུན་པ། གན་རྒྱ་གོ་མི་ཆོད་པར་གྱུར་བ་དང་། ཕྱིར་འཐེན་བྱས་པའམ་ཡང་ན་འཇོག་མཚམས་བཞག་རིགས། གན་རྒྱའི་ནང་དུ་ཡན་གར་འཁོད་པའི་རྩོད་དོན་ཐག་གཅོད་བྱེད་ཐབས་སྐོར་གྱི་དོན་ཚན་ལ་ནུས་པ་ཐོན་པར་ཤུགས་རྐྱེན་མི་ཐེབས་རྒྱུ།

དོན་ཚན་ང་བརྒྱད་པ། གན་རྒྱ་གོ་མི་ཆོད་པར་གྱུར་བའམ་ཕྱིར་འཐེན་བྱས་རྗེས། གན་རྒྱ་དེ་ཉིད་ཀྱི་རྐྱེན་ལས་རྒྱུ་ནོར་ཐོབ་པ་རྣམས་ཕྱིར་སློག་དགོས་པ་དང་། ཕྱིར་སློག་མི་ཐུབ་པའམ་ཡང་ན་ཕྱིར་སློག་པའི་དགོས་གལ་ཆེན་པོ་མེད་རིགས། དངུལ་ལ་ཕབ་ནས་སྐྱིན་ཚབ་འཇལ་དགོས། ནོར་འཛོལ་ཤོར་བའི་རྐྱེན་གྱིས་ཕྱོགས་ཅིག་ཤོས་ལ་དེའི་རྐྱེན་ལ་གྱོང་གུན་བྱུང་བའི་སྐྱིན་ཚབ་འཇལ་དགོས། ཕྱོགས་གཉིས་ཀར་ནོར་འཛོལ་ཤོར་བ་ཡིན་ན། རང་རང་གིས་འོས་བབ་ཀྱི་ཁག་འགན་འཁུར་དགོས།

དོན་ཚན་ང་དགུ་པ། དོ་བདག་གིས་བསམ་ངན་ཁོག་བཅུག་གིས་ངན་འབྲེལ་བྱས་ཏེ་རྒྱལ་ཁབ་དང་། ཐུན་མོང་ངམ་ཡང་ན་ཕུང་གསུམ་པ་བཅས་ཀྱི་ཁེ་ཕན་ལ་གནོད་པ་བསྐྱལ་ན། དེའི་རྐྱེན་ལས་ཐོབ་པའི་རྒྱུ་ནོར་རྣམས་བསྡུས་ཏེ་རྒྱལ་ཁབ་ལ་དབང་བར་བྱེད་པའམ་ཡང་ན་ཐུན་མོང་དང་ཕུང་གསུམ་པར་ཕྱིར་སློག་རྒྱུ།

4 ལེའུ་བཞི་པ། གན་རྒྱ་ལག་ལེན་བྱེད་སྟངས་སྐོར།

དོན་ཚན་དྲུག་ཅུ་པ། དོ་བདག་གིས་ཁ་ཆད་བཞག་པ་ལྟར་སྒོ་ཀུན་ནས་རང་ཉིད་ཀྱི་འོས་འགན་བསྒྲུབ་དགོས།

དོ་བདག་གིས་ཁ་བཤད་དོན་ལ་གནས་པའི་རྩ་དོན་ལ་བརྩི་སྲུང་བྱ་དགོས་ཤིང་། གན་རྒྱའི་ངོ་བོ་དང་། དམིགས་བྱ། ཉོ་ཚོང་བྱེད་པའི་གོམས་སྲོལ་བཅས་དང་བསྟུན་ནས་བརྡ་ཐོ་གཏོང་བ་དང་། རོགས་རམ་བྱེད་པ་དང་། གསང་དོན་དམ་སྲུང་ལ་སོགས་པའི་འོས་འགན་བསྒྲུབ་དགོས།

དོན་ཚན་རེ་གཅིག་པ། གན་རྒྱར་གོ་ཆོད་པའི་ནུས་པ་ཐོན་རྗེས་དོ་བདག་གིས་སྤུས་ཚད་དང་། རིན་དངུལ་ལམ་གླ་ཆ། ལག་བསྟར་བྱེད་ས་ལ་སོགས་པའི་ནང་དོན་སྐོར་ཁ་ཆད་བཞག་མེད་པའམ་ཁ་ཆད་ཁ་གསལ་བཞག་མེད་ན། ཁ་གསབ་གྲོས་མཐུན་བཞག་ཆོག ཁ་གསབ་གྲོས་མཐུན་འཇོག་མ་ཐུབ་ན། གན་རྒྱ་དེའི་འབྲེལ་ཡོད་དོན་ཚན་ནམ་ཉོ་ཚོང་བྱེད་པའི་གོམས་སྲོལ་ལྟར་གཏན་འཁེལ་བྱ་རྒྱུ།

དོན་ཚན་རེ་གཉིས་པ། དོ་བདག་གིས་གན་རྒྱ་དེའི་འབྲེལ་ཡོད་ནང་དོན་སྐོར་ཁ་ཆད་ཁ་གསབ་བཞག་མེད་ཅིང་། བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་གཞིར་བཟུང་ནའང་སྔར་བཞིན་གཏན་འཁེལ་བྱེད་མ་ཐུབ་ན། གཤམ་གསལ་གྱི་གཏན་འབེབས་སྤྱད་འཐུས་པ་སྟེ།

(གཅིག)སྤུས་ཀ་དག་ཚད་ཁ་གསལ་མེད་རིགས། རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་མེད་རིགས། འཆར་ཅན་གྱི་ཚད་གཞིའམ་གན་རྒྱའི་དམིགས་ཡུལ་དང་མཐུན་པའི་ཆེད་དམིགས་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་དང་།

(གཉིས)རིན་དངུལ་ལམ་གླ་ཆ་ཁ་གསལ་མེད་རིགས། གན་རྒྱ་སྣོལ་འཇོག་བྱེད་སྐབས་ལག་བསྟར་བྱེད་སའི་ཚོང་རའི་རིན་གོང་གཞིར་བཟུང་སྟེ་ལག་བསྟར་བྱ་རྒྱུ། བཅའ་ཁྲིམས་ལྟར་སྲིད་གཞུང་གི་གཏན་ཁེལ་རིན་གོང་ངམ་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱ་དགོས་རིགས། གཏན་འབེབས་ལག་བསྟར་བྱ་རྒྱུ།

(གསུམ)ལག་བསྟར་བྱེད་ས་ཁ་གསལ་མེད་ཅིང་དངུལ་ལོར་སྤྲོད་རིགས། དངུལ་ལོར་རྩིས་ལེན་བྱེད་མཁན་གྱི་གནས་ཡུལ་དུ་ལག་བསྟར་བྱ་རྒྱུ། གཏན་གནས་དངོས་པོ་སྤྲོད་རིགས། གཏན་གནས་དངོས་པོ་གནས་སར་ལག་བསྟར་བྱ་རྒྱུ། དམིགས་བྱ་གཞན་དག་འོས་འགན་སྒྲུབ་མཁན་ཕྱོགས་ཀྱི་གནས་ཡུལ་དུ་ལག་བསྟར་བྱ་རྒྱུ།

(བཞི)ལག་བསྟར་བྱེད་པའི་དུས་བཀག་ཁ་གསལ་མེད་རིགས། བུ་ལོན་ལེན་མཁན་གྱིས་ག་དུས་ཡིན་ནའང་ལག་བསྟར་བྱས་ཆོག་ལ། བུན་བདག་གིས་ཀྱང་ག་དུས་ཡིན་ནའང་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན་ཆོག་མོད། འོན་ཀྱང་ཕྱོགས་ཅིག་ཤོས་ལ་གྲ་སྒྲིག་བྱ་རྒྱུའི་དུས་ཚོད་དགོས་ངེས་སྤྲོད་དགོས།

(ལྔ)ལག་བསྟར་བྱེད་སྟངས་ཁ་གསལ་མེད་རིགས། གན་རྒྱའི་དམིགས་བྱ་སྒྲུབ་པར་ཕན་ཐོགས་ཡོད་པའི་བྱེད་སྟངས་ལག་བསྟར་བྱ་རྒྱུ།

(དྲུག)ལག་བསྟར་བྱེད་པའི་འགྲོ་སོང་འཁུར་འཁྲི་ཁ་གསལ་མེད་རིགས། འོས་འགན་སྒྲུབ་མཁན་ཕྱོགས་ཀྱིས་འཁུར་རྒྱུ།

དོན་ཚན་རེ་གསུམ་པ། སྲིད་གཞུང་གི་གཏན་འཁེལ་རིན་གོང་ངམ་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱེད་རིགས་ཀྱིས་གན་རྒྱའི་ནང་ཁ་ཆད་བཞག་པའི་རྩིས་སྤྲོད་བྱ་རྒྱུའི་དུས་བཀག་ནང་སྲིད་གཞུང་གིས་རིན་གོང་སྤར་གཅོག་བྱས་ན། རྩིས་སྤྲོད་བྱེད་སྐབས་ཀྱི་རིན་གོང་ལྟར་རྩིས་རྒྱག་དགོས། དུས་བཀག་ལས་བརྒལ་ཏེ་དམིགས་བྱའི་དངོས་རྫས་རྩིས་སྤྲོད་བྱེད་རིགས་རིན་གོང་སྤོར་བ་དང་ཐུག་ཚེ། རིན་གོང་གསར་བ་ལྟར་ལག་བསྟར་བྱ་རྒྱུ། དུས་བཀག་ལས་བརྒལ་ཏེ་དམིགས་བྱའི་དངོས་རྫས་ལེན་པའམ་དངུལ་སྤྲོད་རིགས་རིན་གོང་སྤོར་བ་དང་ཐུག་ཚེ། རིན་གོང་གསར་བ་ལྟར་ལག་བསྟར་བྱ་རྒྱུ་དང་། རིན་གོང་གཅོག་པ་དང་ཐུག་ཚེ། རིན་གོང་སྔ་མ་ལྟར་ལག་བསྟར་བྱ་རྒྱུ།

དོན་ཚན་རེ་བཞི་པ། དོ་བདག་གིས་བུ་ལོན་ལེན་མཁན་ནས་ཕུང་གསུམ་པར་བུ་ལོན་འཇལ་རྒྱུའི་ཁ་ཆད་བཞག་རིགས། བུ་ལོན་ལེན་མཁན་གྱིས་ཕུང་གསུམ་པར་བུ་ལོན་མ་བཅལ་པའམ་བུ་ལོན་བཅལ་བ་དེ་ཁ་ཆད་བཞག་དོན་དང་མི་མཐུན་པ་ཡིན་ན། དེས་བུན་བདག་ལ་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས།

དོན་ཚན་རེ་ལྔ་པ། དོ་བདག་གིས་ཕུང་གསུམ་པས་བུན་བདག་ལ་བུ་ལོན་འཇལ་རྒྱུའི་ཁ་ཆད་བཞག་རིགས། ཕུང་གསུམ་པས་བུ་ལོན་མ་བཅལ་བའམ་བུ་ལོན་བཅལ་བ་དེ་ཁ་ཆད་བཞག་དོན་དང་མི་མཐུན་པ་ཡིན་ན། བུ་ལོན་ལེན་མཁན་གྱིས་བུན་བདག་ལ་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས།

དོན་ཚན་རེ་དྲུག་པ། དོན་བདག་བར་ཕན་ཚུན་བུ་ལོན་ཆགས་ཤིང་། བུ་ལོན་འཇལ་རྒྱུའི་གོ་རིམ་སྔ་ཕྱི་མེད་ན། དུས་གཅིག་ཏུ་འཇལ་སྤྲོད་བྱ་དགོས། ཕྱོགས་གཅིག་ལ་ཕྱོགས་ཅིག་ཤོས་ཀྱིས་བུ་ལོན་མ་བཅལ་གོང་བུ་ལོན་འཇལ་རྒྱུའི་བླང་བྱ་བཏོན་པ་དེ་ཁས་མི་ལེན་པའི་དབང་ཆ་ཡོད། ཕྱོགས་གཅིག་ལ་ཕྱོགས་ཅིག་ཤོས་ཀྱིས་བུ་ལོན་བཅལ་བ་ཁ་ཆད་བཞག་དང་མི་མཐུན་པའི་ཚེ་བབ་མཚུངས་ཀྱི་བུ་ལོན་འཇལ་རྒྱུའི་བླང་བྱ་བཏོན་པ་ཁས་མི་ལེན་པའི་དབང་ཆ་ཡོད།

དོན་ཚན་རེ་བདུན་པ། དོ་བདག་བར་ཕན་ཚུན་བུ་ལོན་ཆགས་ཤིང་། བུ་ལོན་འཇལ་རྒྱུའི་གོ་རིམ་སྔ་ཕྱི་འཁོད་ཡོད་ན། སྔོན་ལ་བུ་ལོན་འཇལ་དགོས་པའི་ཕྱོགས་ཀྱིས་བུ་ལོན་མ་བཅལ་ན། རྗེས་སུ་བུ་ལོན་འཇལ་དགོས་པའི་ཕྱོགས་ལ་དེས་བུ་ལོན་འཇལ་རྒྱུའི་བླང་བྱ་བཏོན་པ་ཁས་མི་ལེན་པའི་དབང་ཆ་ཡོད། སྔོན་ལ་བུ་ལོན་འཇལ་དགོས་པའི་ཕྱོགས་ཀྱིས་བུ་ལོན་བཅལ་བ་དེ་ཁ་ཆད་བཞག་དོན་དང་མི་མཐུན་པ་ཡིན་ན། རྗེས་སུ་བུ་ལོན་འཇལ་དགོས་པའི་ཕྱོགས་ལ་དེས་བབ་མཚུངས་ཀྱི་བུ་ལོན་འཇལ་རྒྱུའི་བླང་བྱ་བཏོན་པ་ཁས་མི་ལེན་པའི་དབང་ཆ་ཡོད།

དོན་ཚན་རེ་བརྒྱད་པ། སྔོན་ལ་བུ་ལོན་འཇལ་དགོས་པའི་དོ་བདག་གིས་བདེན་དཔང་ཁུངསའཕེར་ཡོད་པའི་སྒོ་ནས་ཕྱོགས་ཅིག་ཤོས་ལ་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་པའི་ར་སྤྲོད་བྱེད་ཐུབ་ཚེ་བུ་ལོན་འཇལ་མཚམས་བཞག་ཆོག་པ་སྟེ།

(གཅིག)གཉེར་སྐྱོང་བྱེད་ཚུལ་སྡུག་ཏུ་ཚབས་ཆེར་ཕྱིན་པ་དང་།

(གཉིས)བུ་ལོན་འཇལ་འགན་གཡོལ་ཆེད་རྒྱུ་ནོར་སྲིད་པའི་གནས་ཚུལ་གཞན་དག་ཡོད་པ་བཅས་ཡིན།

(གསུམ)ཚོང་ལས་ཀྱི་ཡིད་ཆེས་དང་སྙན་གྲགས་ཚབས་ཆེན་ཤོར་བ།

(བཞི)བུ་ལོན་འཇལ་ནུས་ཤོར་བའམ་ཤོར་སྲིད་པའི་གནས་ཚུལ་གཞན་དག་ཡོད་པ་བཅས་ཡིན།

དོ་བདག་ལ་བུ་ལོན་འཇལ་མཚམས་བཞག་ཆོག་པའི་བདེན་དཔང་ཁུངས་འཕེར་མེད་རིགས་ཀྱིས་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་རྒྱུ།

དོན་ཚན་རེ་དགུ་པ། དོ་བདག་གིས་བཅའ་ཁྲིམས་འདིའི་དོན་ཚན་རེ་བརྒྱད་པའི་གཏན་འབེབས་ལྟར་བུ་ལོན་འཇལ་མཚམས་བཞག་ན། དུས་ཐོག་ཏུ་ཕྱོགས་གཅིག་ཤོས་ལ་བརྡ་ཐོ་གཏོང་དགོས། ཕྱོགས་ཅིག་ཤོས་ཀྱིས་ཁག་ཐེག་བབ་འོས་བྱས་ཚེ། བུ་ལོན་འཇལ་འགན་སླར་གསོ་བྱ་དགོས། བུ་ལོན་འཇལ་མཚམས་བཞག་རྗེས་ཕྱོགས་ཅིག་ཤོས་ཀྱིས་དུས་བཀག་བབ་མཐུན་ནང་བུ་ལོན་འཇལ་ནུས་སླར་གསོ་མ་བྱུང་བ་མ་ཟད་ཁག་ཐེག་བབ་འོས་ཀྱང་བྱས་མེད་ན། བུ་ལོན་འཇལ་མཚམས་བཞག་པའི་ཕྱོགས་ཀྱིས་གན་རྒྱ་ཕྱིར་འཐེན་བྱས་ཆོག

དོན་ཚན་བདུན་ཅུ་པ། བུན་བདག་སོ་སོར་གྱེས་པའམ་ཟླ་སྒྲིལ་བཏང་བའམ་ཡང་ན་སྡོད་གནས་བསྒྱུར་ནའང་བུ་ལོན་ལེན་མཁན་ལ་བརྡ་ཐོ་མ་བཏང་བས་བུ་ལོན་འཇལ་ཐབས་དཀའ་བ་བྱུང་རིགས། བུ་ལོན་ལེན་མཁན་གྱིས་བུ་ལོན་འཇལ་མཚམས་བཞག་པའམ་དམིགས་བྱའི་དངོས་རྫས་འཐེན་བཅོལ་བྱས་ཆོག

དོན་ཚན་དོན་གཅིག་པ། བུ་ལོན་ལེན་མཁན་གྱིས་སྔར་བསྣུར་གྱིས་བུ་ལོན་འཇལ་བར་བུན་བདག་གིས་རྩིས་ལེན་མ་བྱས་ན་ཆོག་མོད། འོན་ཀྱང་སྔར་བསྣུར་གྱིས་བུ་ལོན་བཅལ་བ་དེས་བུན་བདག་གི་ཁེ་ཕན་ལ་མི་གནོད་པའི་རིགས་འདིའི་ཁོངས་སུ་མི་ཚུད།

བུ་ལོན་ལེན་མཁན་གྱིས་སྔར་བསྣུར་གྱིས་བུ་ལོན་བཅལ་བའི་རྐྱེན་གྱིས་བུན་བདག་ལ་འགྲོ་གྲོན་འཕར་བ་མ་བཟོས་པ་དག་བུ་ལོན་ལེན་མཁན་གྱིས་གཏོང་འགན་འཁུར་དགོས།

དོན་ཚན་དོན་གཉིས་པ། བུ་ལོན་ལེན་མཁན་གྱིས་བུ་ལོན་ཆ་ཤས་འཇལ་བ་བུན་བདག་གིས་རྩིས་ལེན་མ་བྱས་ན་ཆོག་མོད། འོན་ཀྱང་བུ་ལོན་ཆ་ཤས་བཅལ་བ་དེས་བུན་བདག་གི་ཁེ་ཕན་ལ་མི་གནོད་པའི་རིགས་འདིའི་ཁོངས་སུ་མི་ཚུད།

བུ་ལོན་ལེན་མཁན་གྱིས་བུ་ལོན་ཁ་ཤས་བཅལ་བའི་དབང་གིས་བུན་བདག་ལ་འགྲོ་གྲོན་འཕར་བ་མ་བཟོས་པ་དག་བུ་ལོན་ལེན་མཁན་གྱིས་གཏོང་འགན་འཁུར་རྒྱུ།

དོན་ཚན་དོན་གསུམ་པ། བུ་ལོན་ལེན་མཁན་གྱིས་རང་གི་དུས་བཀག་གཙང་བའི་བུན་དབང་སྤྱོད་རྒྱུར་སྒྱིད་ལུག་བྱས་པས་བུན་བདག་ལ་གནོད་པ་བཟོས་ན། བུན་བདག་གིས་མི་དམངས་ཁྲིམས་ཁང་ལ་རང་ཉིད་ཀྱི་མིང་ཐོག་ནས་བུ་ལོན་ལེན་མཁན་གྱི་བུན་དབང་ཚབ་སྤྱོད་བྱ་རྒྱུའི་རེ་འདུན་ཞུ་ཆོག་མོད། འོན་ཀྱང་བུན་དབང་དེ་བུ་ལོན་ལེན་མཁན་རང་ཁོ་ནར་དབང་བའི་རིགས་འདིའི་ཁོངས་སུ་མི་ཚུད།

ཚབ་སྤྱོད་བྱེད་དབང་ལག་ལེན་བསྟར་ཁོངས་བུན་བདག་གི་བུན་དབང་མཚམས་ཚད་དུ་འཛིན་རྒྱུ། བུན་བདག་གིས་ཚབ་སྤྱོད་བྱེད་དབང་ལག་ལེན་བསྟར་བའི་དགོས་ངེས་ཀྱི་འགྲོ་གྲོན་བུ་ལོན་ལེན་མཁན་གྱིས་གཏོང་འགན་འཁུར་རྒྱུ།

དོན་ཚན་དོན་བཞི་པ། བུ་ལོན་ལེན་མཁན་གྱིས་རང་ཉིད་ཀྱི་དུས་བཀག་གཙང་བའི་བུན་དབང་དོར་བའམ་ཡང་ན་རྒྱུ་ནོར་རིན་ཚབ་མི་དགོས་པར་བཤུག་སྤྲོད་བྱས་པས་བུན་དབང་ལ་གནོད་པ་བཟོས་ན། བུན་བདག་གིས་མི་དམངས་ཁྲིམས་ཁང་ལ་བུན་ལ་ལོན་ལེན་མཁན་གྱི་བྱ་སྤྱོད་རྩིས་མེད་གཏོང་རྒྱུའི་རེ་འདུན་ཞུས་ཆོག བུ་ལོན་ལེན་མཁན་གྱིས་ལུགས་མཐུན་མིན་པའི་གོང་དམའ་པོ་མངོན་གསལ་ཐོག་ནས་རྒྱུ་ནོར་བཤུག་སྤྲོད་བྱས་པས་བུན་བདག་ལ་གནོད་པ་བཟོས་པ་མ་ཟད། བཤུག་ལེན་བྱེད་མཁན་གྱིས་ཀྱང་གནས་ཚུལ་དེ་རྟོགས་པ་ཡིན་ན། བུན་བདག་གིས་ཀྱང་མི་དམངས་ཁྲིམས་ཁང་ལ་བུ་ལོན་ལེན་མཁན་གྱི་བྱ་སྤྱོད་རྩིས་མེད་གཏོང་རྒྱུའི་རེ་འདུན་ཞུས་ཆོག

རྩིས་མེད་གཏོང་དབང་ལག་ལེན་བསྟར་ཁོངས་བུན་བདག་གི་བུན་དབང་མཚམས་ཚད་དུ་འཛིན་རྒྱུ།

དོན་ཚན་དོན་ལྔ་བ། རྩིས་མེད་གཏོང་བ་དེ་བུན་བདག་གིས་རྩིས་མེད་གཏོང་རྒྱུའི་དོན་རྩ་རྟོགས་པའམ་རྟོགས་དགོས་པའི་ཉིན་ནས་ལོ་གཅིག་གི་ནང་ཚུན་ལག་ལེན་བསྟར་རྒྱུ། བུ་ལོན་ལེན་མཁན་གྱི་བྱ་སྤྱོད་སྤེལ་བའི་ཉིན་ནས་ལོ་ལྔའི་ནང་ཚུན་རྩིས་མེད་གཏོང་དབང་ལག་བསྟར་མ་བྱས་ན། རྩིས་མེད་གཏོང་དབང་དེ་མེད་པར་བཟོ་རྒྱུ།

དོན་ཚན་དོན་དྲུག་པ། གན་རྒྱར་ནུས་པ་ཐོན་རྗེས་དོ་བདག་གིས་རུས་མིང་དང་མིང་བྱང་བསྒྱུར་བའམ་ཡང་ན་ཁྲིམས་བཀོད་འཐུས་ཚབ་པ་དང་། འགན་འཁུར་བ། སྒྲུབ་འགན་འཁུར་མཁན་བཅས་བསྒྱུར་པའི་ཆ་རྐྱེན་གྱིས་གན་རྒྱའི་འོད་འགན་མི་སྒྲུབ་པ་བྱས་མི་ཆོག

ལེའུ་ལྔ་པ། གན་རྒྱ་བསྒྱུར་བཅོས་དང་ནང་བཤུག་གཏོང་སྟངས་སྐོར།

དོན་ཚན་དོན་བདུན་པ། དོ་བདག་བར་གྲོས་མོལ་བྱས་ཏེ་གྲོས་ཁ་གཅིག་མཐུན་བྱུང་ན་གན་རྒྱ་བསྒྱུར་བཅོས་བྱས་ཆོག

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གན་རྒྱ་བསྒྱུར་བཅོས་བྱེད་རིགས་ཆོག་མཆན་ཞུ་བ་དང་ཐོ་འགོད་སོགས་ཀྱི་འགྲོ་ལུགས་འགྲིམ་དགོས་པའི་གཏན་འབེབས་བྱས་རིགས།དེའི་གཏན་འབེབས་ལྟར་བྱ་རྒྱུ།

དོན་ཚན་དོན་བརྒྱད་པ། དོ་བདག་གིས་གན་རྒྱ་བསྒྱུར་བཅོས་བྱ་རྒྱའི་ནང་དོན་སྐོར་ཁ་ཆད་ཁ་གསལ་བཞག་མེད་ན། བསྒྱུར་བཅོས་མ་བྱས་པར་རིགས་འདེད་དགོས།

དོན་ཚན་དོན་དགུ་པ། བུན་བདག་གིས་གན་རྒྱའི་ནང་འཁོད་ཁེ་དབང་ཡོང་རྫོགས་སམ་ཆ་ཤས་ཕུང་གསུམ་པར་ནང་བཤུག་བཏང་ཆོག འོན་ཀྱང་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན་འདིའི་ཁོངས་སུ་མི་ཚུད་པ་སྟེ།

(གཅིག)གན་རྒྱའི་ངོ་བོ་ལྟར་ན་ནང་བཤུག་བཏང་མི་ཆོག་པ་དང་།

(གཉིས)དོ་བདག་རྣམས་ཀྱིས་ཁ་ཆད་བཞག་པ་ལྟར་ནང་བཤུག་བཏང་མི་ཆོག་པ།

(གསུམ)བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་ནང་བཤུག་བཏང་མི་ཆོག་པ་བཅསས་ཡིན།

དོན་ཚན་བརྒྱད་ཅུ་པ། བུན་བདག་གིས་ཁེ་དབང་ནང་བཤུག་བཏང་ན་བུ་ལོན་ལེན་མཁན་ལ་བརྡ་ཐོ་གཏོང་དགོས། བརྡ་ཐོ་མ་བཏང་ན། ནང་བཤུག་བཏང་བ་དེས་བུ་ལོན་ལེན་མཁན་ལ་ནུས་པ་མི་འཐོན་རྒྱུ།

བུན་བདག་གིས་ཁེ་དབང་ནང་བཤུག་གཏོང་རྒྱུའི་བརྡ་ཐོ་ཕྱིར་འཐེན་བྱས་མི་ཆོག འོན་ཀྱང་བཤུག་ལེན་བྱེད་མཁན་གྱིས་མོས་མཐུན་བྱས་རིགས་འདིའི་ཁོངས་སུ་མི་ཚུད།

དོན་ཚན་གྱ་གཅིག་པ། བུན་བདག་གིས་ཁེ་དབང་བཤུག་སྤྲོད་བྱས་ན། བཤུག་ལེན་བྱེད་མཁན་ལ་བུན་དབང་དང་འབྲེལ་བའི་ཟུར་གཏོགས་ཁེ་དབང་ཐོབ་རྒྱུ། འོན་ཀྱང་ཟུར་གཏོགས་ཁེ་དབང་དེ་དག་བུན་བདག་རང་ཉིད་ཁོ་ནར་དབར་རིགས་འདིའི་ཁོངས་སུ་མི་ཚུད།

དོན་ཚན་གྱ་གཉིས་པ། བུ་ལོན་ལེན་མཁན་ལ་བུན་དབང་ནང་བཤུག་གཏོང་རྒྱུའི་བརྡ་ཐོ་འབྱོར་རྗེས།བུ་ལོན་ལེན་མཁན་གྱིས་ནང་བཤུག་གཏོང་མཁན་ལ་དགག་སྒྲུབ་བྱ་རྒྱུའི་འདོད་ཚུལ་བཤུག་ལེན་བྱེད་མཁན་ལ་བཏོན་ཆོག

དོན་ཚན་གྱ་གསུམ་པ། བུ་ལོན་ལེན་མཁན་ལ་བུན་དབང་ནང་བཤུག་གཏོང་རྒྱུའི་བརྡ་ཐོ་འབྱོར་སྐབས་བུ་ལོན་ལེན་མཁན་ལ་ནང་བཤུག་གཏོང་མཁན་གྱི་བུན་དབང་ལོངས་སུ་སྤྱོད་དབང་ཡོད་པ་མ་ཟད། བུ་ལོན་ལེན་མཁན་གྱི་བུན་དབང་གི་དུས་བཀག་ནང་བཤུག་བཏང་པའི་བུན་དབང་གི་དུས་བཀག་ལས་སྔོན་ལ་ཐིམ་པའམ་ཡང་ན་དུས་གཅིག་ཏུ་ཐིམ་པ་ཡིན་ན། བུ་ལོན་ལེན་མཁན་གྱིས་བཤུག་ལེན་བྱེད་མཁན་ལ་མགོ་གཏུག་གཏོང་རྒྱུའི་འདོད་ཚུལ་བཏོན་ཆོག

དོན་ཚན་གྱ་བཞི་པ། བུ་ལོན་ལེན་མཁན་གྱིས་གན་རྒྱའི་ནང་འཁོད་འོས་འགན་ཡོངས་རྫོགས་སམ་ཆ་ཤས་ཕུང་གསུམ་པར་སྤོ་བསྒྱུར་བྱས་ན། བུན་བདག་གིས་མོས་མཐུན་བྱ་དགོས།

དོན་ཚན་གྱ་ལྔ་པ། བུ་ལོན་ལེན་མཁན་གྱིས་འོས་འགན་སྤོ་བསྒྱུར་བྱས་ན། བུ་ལོན་ལེན་མཁན་གསར་པས་བུ་ལོན་ལེན་མཁན་སྔ་མར་བུན་བདག་ལ་དགག་སྒྲུབ་བྱེད་དུ་འཇུག་རྒྱུའི་འདོད་ཚུལ་བཏོན་ཆོག

དོན་ཚན་གྱ་དྲུག་པ། བུ་ལོན་ལེན་མཁན་གྱིས་འོས་འགན་སྤོ་བསྒྱུར་བྱས་ན། བུ་ལོན་ལེན་མཁན་གསར་པས་བུ་ལོན་གཙོ་བོ་དང་འབྲེལ་བའི་ཟུར་གཏོགས་བུ་ལོན་འཇལ་འགན་འཁུར་དགོས་མོད། འོན་ཀྱང་ཟུར་གཏོགས་བུ་ལོན་དེ་དག་བུ་ལོན་ལེན་མཁན་སྔ་མ་རང་ཉིད་ཁོ་ནར་ཆགས་རིགས་འདིའི་ཁོངས་སུ་མི་ཚུད།

དོན་ཚན་གྱ་བདུན་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཁེ་དབང་ནང་བཤུག་གཏོང་བའམ་འོས་འགན་སྤོ་བསྒྱུར་བྱེད་རིགས་ཆོག་མཆན་ཞུ་བ་དང་ཐོ་འགོད་པ་སོགས་ཀྱི་འགྲོ་ལུགས་འགྲིམ་དགོས་པའི་གཏན་འབེབས་བྱས་རིགས། གཏན་འབེབས་འདི་ལྟར་བྱ་རྒྱུ།

དོན་ཚན་གྱ་བརྒྱད་པ། ཕྱོགས་ཅིག་ཤོས་ཀྱིས་མོས་མཐུན་བྱས་ཚེ་དོ་བདག་ཕྱོགས་གཅིག་གིས་གན་རྒྱའི་ནང་འཁོད་རང་ཉིས་ཀྱི་ཁེ་དབང་དང་འོས་འགན་ཆབས་སྦྲགས་སུ་ཕུང་གསུམ་པར་ནང་བཤུག་བཏང་ཆོག

དོན་ཚན་གྱ་དགུ་པ། ཁེ་དབང་དང་འོས་འགན་ཆབས་སྦྲགས་སུ་ནང་བཤུག་བཏང་རིགས་བཅའ་ཁྲིམས་འདིའི་དོན་ཚན་དགུ་པ་དང་། དོན་ཚན་གྱ་གཉིས་པ་ནས་གྱ་གསུམ་པ། དོན་ཚན་གྱ་ལྔ་པ་ནས་གྱ་བདུན་པའི་བར་བཅས་ཀྱི་གཏན་འབེབས་སྤྱད་འཐུས།

དོན་ཚན་དགུ་ཅུ་པ། དོ་བདག་བར་གན་རྒྱ་བཞག་རྗེས་ཟླ་སྒྲིལ་བཏང་རིགས། ཟླ་སྒྲིལ་བཏང་རྗེས་ཀྱི་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་གན་རྒྱའི་ནང་འཁོད་དབང་ཆ་སྤྱོད་ཅིང་གན་རྒྱའི་ནང་འཁོད་འོས་འགན་བསྒྲུབ་རྒྱུ། དོ་བདག་རྣམས་ཀྱིས་གན་རྒྱ་བཞག་རྗེས་སོ་སོར་གྱེས་ན། བུན་བདག་དང་བུ་ལོན་ལེན་མཁན་གྱིས་ཁ་ཆད་གཞན་དག་བཞག་རིགས་ཕུད། སོ་སོར་གྱེས་པའི་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་གན་རྒྱའི་ནང་འཁོད་ཁེ་དབང་དང་འོས་འགན་ཐད་གཅིག་ལ་གཅིག་འབྲེལ་གྱི་བུན་དབང་ཡོད་ཅིང་། གཅིག་ལ་གཅིག་འབྲེལ་གྱི་བུ་ལོན་འཇལ་འགན་འཁུར་རྒྱུ།

5 ལེའུ་དྲུག་པ། གན་རྒྱའི་ནང་འཁོད་ཁེ་དབང་དང་འོས་འགན་སྒྲུབ་མཚམས་འཇོག་ཕྱོགས་སྐོར།

དོན་ཚན་གོ་གཅིག་པ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ཕྱིན། གན་རྒྱའི་ནང་འཁོད་ཁེ་དབང་དང་འོས་འགན་སྒྲུབ་མཚམས་འཇོག་རྒྱུ་སྟེ།

(གཅིག)བུ་ལོན་འཇལ་འགན་ཁ་ཆད་བཞག་པ་ལྟར་བསྒྲུབས་པ་དང་།

(གཉིས)གན་རྒྱ་ཕྱིར་འཐེན་བྱས་པ།

(གསུམ)བུ་ལོན་ཕན་ཚུན་ཁ་འཐབ་བྱས་པ།

(བཞི)བུ་ལོན་ལེན་མཁན་གྱིས་ཁྲིམས་ལྟར་དམིགས་བྱའི་དངོས་རྫས་འཐེན་བཅོལ་བྱས་པ།

(ལྔ)བུ་བདག་གིས་བུ་ལོན་མེད་པར་བཟོས་པ།

(དྲུག)བུན་བདག་དང་བུ་ལོན་ལེན་མཁན་མི་གཅིག་ཡིན་པ།

(བདུན)བཅའ་ཁྲིམས་སུ་གཏན་ལ་ཕབ་པའམ་དོན་བདག་གིས་ཁ་ཆད་བཞག་པའི་སྒྲུབ་མཚམས་འཇོག་རྒྱུའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་གོ་གཉིས་པ། གན་རྒྱའི་ནང་འཁོད་ཁེ་དབང་དང་འོས་འགན་སྒྲུབ་མཚམས་བཞག་པའི་རྗེས་སུ་དོ་བདག་གིས་ཁ་བཤད་དོན་ལ་གནས་པའི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་ཉོ་ཚོང་བྱེད་པའི་གོམས་སྲོལ་ལྟར་བརྡ་ཐོ་གཏོང་བ་དང་། གཞོགས་འདེགས་བྱེད་པ། གསང་དོན་དམ་སྲུང་ལ་སོགས་པའི་འོས་འགན་བསྒྲུབ་དགོས།

དོན་ཚན་གོ་གསུམ་པ། དོ་བདག་བར་གྲོས་མོལ་བྱས་ནས་གྲོས་ཁ་གཅིག་མཐུན་བྱུང་རྗེས་གན་རྒྱ་ཕྱིར་མཐུན་བྱས་ཆོག

དོ་བདག་བར་ཕྱོགས་གཅིག་ནས་གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་ཁ་ཆད་བཞག་ཆོག གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་ཆ་རྐྱེན་འཛོམས་ཚེ། ཕྱིར་འཐེན་བྱེད་དབང་ཡོད་མཁན་གྱིས་གན་རྒྱ་ཕྱིར་འཐེན་བྱས་ཆོག

དོན་ཚན་གོ་བཞི་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། དོ་བདག་གིས་གན་རྒྱ་ཕྱིར་འཐེན་བྱས་ཆོག་པ་སྟེ།

གཅིག འགོག་ཐུབ་མེད་པའི་རྐྱེན་ངན་བྱུང་བའི་དབང་གིས་གན་རྒྱའི་དམིགས་ཡུལ་མངོན་འགྱུར་བྱེད་མི་ཐུབ་པ་དང་།

གཉིས། གན་རྒྱ་བསྒྲུབས་རྒྱུའི་དུས་བཀག་མ་ཐིམ་གོང་དུ་དོ་བདག་ཕྱོགས་གཅིག་ནས་བུ་ལོན་གཙོ་བོ་མི་མཇལ་བ་གསལ་པོར་བསྟན་པའམ་རང་ཉིས་ཀྱི་བྱ་སྤྱོད་ཐོག་ནས་གསལ་བཤད་བྱས་བ།

གསུམ་པ། དོ་བདག་ཕྱོགས་གཅིག་གིས་བུ་ལོན་གཙོ་བོ་མཇལ་ཡིན་ཕྱིར་འགྱངས་བྱས་ཤིང་། སྐུལ་འདེད་བྱས་རྗེས་ལུགས་དང་མཐུན་པའི་དུས་བཀག་ནང་སྔར་བཞིན་མ་བཅལ་བ།

བཞི་པ། དོ་བདག་ཕྱོགས་གཅིག་གིས་བུ་ལོན་མཇལ་ཡུན་ཕྱིར་འགྱངས་བྱས་བའམ་ཁ་ཆད་དང་འགལ་བའི་བྱ་སྤྱོད་གཞན་དག་ཡོད་པའི་དབང་གིས་གན་རྒྱའི་དམིགས་ཡུལ་མངོན་དུ་འགྱུར་མི་ཐུབ་པ།

ལྔ། བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས྄་ཡིན།

དོན་ཚན་གོ་ལྔ་པ། ཕྱིར་འཐེན་བྱེད་དབང་བེད་སྤྱོད་བྱ་རྒྱུའི་དུས་བཀག་དེ་བཅའ་ཁྲིམས་ནང་གཏན་ལ་ཕབ་པའམ་དོ་བདག་བར་ཁ་ཆད་བཞག་ན། ཕྱིར་འཐེན་བྱ་རྒྱུའི་དུས་བཀག་ཐིམ་རུང་དོ་བདག་གིས་དབང་ཆ་དེ་བེད་སྤྱད་མ་བྱས་ན། དབང་ཆ་དེ་མེད་པར་འགྱུར་རྒྱུ།

ཕྱིར་འཐེན་བྱེད་དབང་བེད་སྤྱོད་བྱ་རྒྱུའི་དུས་བཀག་བཅའ་ཁྲིམས་ནང་གཏན་ལ་ཕབ་མེད་པའམ་དོ་བདག་བར་ཁ་ཆད་བཞག་མེད་ཀྱང་། ཕྱོགས་གཅིག་ཤོས་ཀྱིས་སྐུལ་འདེད་བྱས་རྗེས་ལུགས་དང་མཐུན་པའི་དུས་བཀག་ནང་ཕྱིར་འཐེན་བྱེད་དབང་བེད་སྤྱོད་མ་བྱས་ན། ཁེ་དབང་དེ་མེད་པར་འགར་རྒྱུ།

དོན་ཚན་གོ་དྲུག་པ། དོ་བདག་ཕྱོགས་གཅིག་གིས་བཅའ་ཁྲིམས་འདིའི་དོན་ཚན་གོ་གསུམ་པའི་ནང་གསེས་དོན་ཚན་གཉིས་པ་དང་དོན་ཚན་གོ་བཞི་པའི་གཏན་འབེབས་ལྟར་གན་རྒྱ་ཕྱིར་འཐེན་བྱ་རྒྱུ་འདོད་ཚུལ་བཏོན་རིགས་ཕྱོགས་ཅིག་ཤོས་ལ་བརྡ་ཐོ་གཏོང་དགོས། ཕྱོགས་ཅིག་ཤོས་ལ་བརྡ་ཐོ་འབྱོར་དུས་ནས་གན་རྒྱ་དེ་ཕྱིར་འཐེན་བྱ་རྒྱུ། ཕྱོགས་ཅིག་ཤོས་ལ་བསམ་འཆར་མི་འདྲ་བ་ཡོད་ན། མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་གན་རྒྱ་ཕྱིར་འཐེན་བྱེད་པར་ནུས་པ་ཐོན་པ་ཁས་ལེན་བྱ་རྒྱུའི་རེ་འདུན་ཞུ་ཆོག

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གན་རྒྱ་ཕྱིར་འཐེན་བྱ་རྒྱུར་ཆོག་མཆན་ཞུ་པ་དང་ཐོ་འགོད་བྱ་རྒྱུ་ལ་སོགས་པའི་འགྲོ་ལུགས་འགྲིམས་དགོས་ཞེས་གཏན་ལ་ཕབ་པ་ཡིན། གཏན་འབེབས་ལྟར་བྱ་རྒྱུ།

དོན་ཚན་གོ་བདུན་པ། གན་རྒྱ་ཕྱིར་འཐེན་བྱས་རྗེས་དུ་དུང་ལག་བསྟར་བྱེད་མེད་ན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་དང་། ལག་བསྟར་བྱས་ཟིན་པ་ཡིན་ན། ལག་བསྟར་བྱེད་ཚུལ་དང་གན་རྒྱའི་ངོ་བོར་གཞིགས་ནས་དོ་བདག་གིས་ཐོག་མའི་གནས་ཚུལ་སོར་ཆུད་བྱ་རྒྱུ་དང་གྱོང་གུན་གསབ་ཐབས་གཞན་དག་སྤྱོད་རྒྱུའི་བླང་བྱ་བཏོན་ཆོག་པ་མ་ཟད། གུན་གསབ་སྤྲོད་འཇལ་བྱ་དགོས་པའི་བླང་བྱ་འདོན་དབང་ཡང་ཡོད།

དོན་ཚན་གོ་བརྒྱད་པ། གན་རྒྱའི་ནང་འཁོད་ཁེ་དབང་དང་འོས་འགན་སྒྲུབ་མཚམས་བཞག་པ་དེས་གན་རྒྱའི་ནང་འཁོད་སྡོམ་རྩིས་རྒྱག་པ་དང་གཙང་བཤེར་བྱ་རྒྱུའི་སྐོར་གྱི་དོན་ཚན་ལ་ནུས་པ་ཐོན་པར་གནོད་པ་མེད།

དོན་ཚན་གོ་དགུ་པ། དོ་བདག་ཕྱོགས་གཉིས་ཕན་ཚུན་བར་འཇལ་དུས་ཐིམ་པའི་བུ་ལོན་ཟུག་ཡོད་པ་དང་། བུ་ལོན་དེའི་དམིགས་བྱའི་དངོས་རྫས་ཀྱི་སྣ་ཁ་དང་སྤུས་ཀ་གཅིག་མཚུངས་ཡིན་ན། ཕྱོགས་གང་རུང་ཞིག་གིས་སོ་སོའི་བུ་ལོན་དེ་ཕྱོགས་ཅིག་ཤོས་ཀྱི་བུ་ལོན་དང་ཁ་འཐབ་བཏང་ཆོག ཡིན་ནའང་བཅའ་ཁྲིམས་ནང་གསལ་གཏན་འབེབས་སམ་གན་རྒྱའི་ངོ་བོ་ལྟར་ཁ་འཐབ་བཏང་མི་ཆོག་པའི་རིགས་དེའི་ཁོངས་སུ་མི་ཚུད།

དོ་བདག་གཅིག་གིས་བུ་ལོན་ཁ་འཐབ་གཏོང་རྒྱུའི་འདོད་ཚུལ་ཡོད་ན་ཕྱོགས་ཅིག་ཤོས་ལ་བརྡ་ཐོ་གཏོང་དགོས། ཕྱོགས་ཅིག་ཤོས་ལ་བརྡ་ཐོ་འབྱོར་དུས་ནས་ནུས་པ་ཐོན་རྒྱུ། བུ་ལོན་ཁ་འཐབ་གཏོང་རྒྱུའི་ནང་དུ་ཞར་བྱུང་ཆ་རྐྱེན་ནམ་ཞར་བྱུང་དུས་བཀག་བཏོན་མི་ཆོག

དོན་ཚན་བརྒྱ་ཐམ་པ། དོ་བདག་ཕྱོགས་གཉིས་བར་ཕན་ཚུན་བུ་ལོན་ཟུག་ཡོད་པ་དང་། དམིགས་བྱའི་དངོས་རྫས་ཀྱི་སྣ་ཁ་དང་སྤུས་ཀ་གཅིག་མཚུངས་མིན་རིགས་རྣམས་ཕྱོགས་གཉིས་ནས་གྲོས་མོལ་བྱས་ནས་གྲོས་ཁ་གཅིག་མཐུན་བྱུང་བའི་རྗེས་སུ་བུ་ལོན་ཁ་འཐབ་བཏང་ནའང་ཆོག

དོན་ཚན་བརྒྱ་དང་གཅིག གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་པའི་དབང་གིས་བུ་ལོན་འཇལ་དཀའ་རིགས། བུ་ལོན་ལེན་མཁན་གྱིས་དམིགས་བྱའི་དངོས་རྫས་འཐེན་བཅོལ་བྱས་ཆོག་པ་སྟེ།

(གཅིག)བུན་བདག་ལ་རྩིས་ལེན་བྱེད་མི་བྱེད་པའི་རྒྱུ་མཚན་ལུགས་མཐུན་མེད་པ་དང་།

(གཉིས)བུན་བདག་གར་སོང་འདི་སོང་མི་ཤེས་པ།

(གསུམ)བུན་བདག་ཚེ་ལས་འདས་ཤིང་དེའི་རྒྱུན་འཛིན་པ་གཏན་འཁེལ་བྱས་མེད་པའམ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཤོར་ཞིང་དེའི་ལྟ་སྐྱོང་པ་གཏན་འཁེལ་བྱས་མེད་པ།

(བཞི)བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན།

དམིགས་བྱའི་དངོས་རྫས་འཐེན་བཅོལ་བྱེད་མི་འོས་པའམ་འཐེན་བཅོལ་འགྲོ་གྲོན་མང་དྲགས་པ་ཡིན་ན། བུ་ལོན་ལེན་མཁན་གྱིས་ཁྲིམས་ལྟར་དམིགས་བྱའི་དངོས་རྫས་ཕམ་ཚོང་བརྒྱབ་པའམ་འཚོང་སྒྱུར་བྱས་ནས་རིན་དངུལ་ཐོབ་པ་དང་འཐེན་བཅོལ་བྱས་ཆོག

དོན་ཚན་བརྒྱ་དང་གཉིས་པ། དམིགས་བྱའི་དངོས་རྫས་འཐེན་བཅོལ་བྱས་རྗེས་བུན་བདག་གར་སོང་འདི་སོང་འདི་སོང་སོང་མི་ཤེས་པ་ཕུད་བུ་ལོན་ལེན་ལེན་མཁན་གྱིས་དེ་དོན་དུས་ཐོག་ཏུ་བུན་བདག་གམ་བུན་བདག་གི་རྒྱུན་འཛིན་པ་དང་ལྟ་སྐྱོང་པར་བརྡ་ཐོ་གཏོང་དགོས།

དོན་ཚན་བརྒྱ་དང་གསུམ་པ། དམིགས་བྱའི་དངོས་རྫས་འཐེན་བཅོལ་བྱས་རྗེས་གཏོར་སྐྱོན་ཐེབས་པ་དང་རྩ་བརླག་ཏུ་སོང་བའི་ཉེན་འགན་ནི་བུན་བདག་གིས་འཁུར་རྒྱུ། འཐེན་བཅོལ་བྱེད་རིང་དམིགས་བྱའི་དངོས་རྫས་ལས་བྱུང་བའི་སྐྱེད་ཀ་དག་བུན་བདག་ལ་དབང་རྒྱུ། འཐེན་བཅོལ་འགྲོ་གྲོན་བུན་བདག་གིས་སྤྲོད་འགན་འཁུར་རྒྱུ།

དོན་ཚན་བརྒྱ་དང་བཞི་བ། བུན་བདག་གིས་ག་དུས་ཡིན་ནའང་འཐེན་བཅོལ་བྱས་པའི་དངོས་རྫས་བླངས་ཆོག་མོད། འོན་ཀྱང་བུན་བདག་གིས་བུ་ལོན་ལེན་མཁན་ལ་དུས་བཀག་ཐིམ་པའི་བུ་ལོན་ཟུག་ཡོད་ན། བུན་བདག་གིས་བུ་ལོན་མ་བཅལ་བའམ་བུན་འཇལ་ཁག་ཐེག་མ་བྱས་གོང་ལ་འཐེན་བཅོལ་བྱེད་མཁན་སྡེ་མཁན་སྡེ་ཁག་གིས་བུ་ལོན་ལེན་མཁན་གྱི་རེ་འདུན་ལྟར་འཐེན་བཅོལ་དང་དངོས་རྫས་ལེན་དུ་འཇུག་མི་རུང་།

བུན་བདག་གིས་འཐེན་བཅོལ་དང་དངོས་རྫས་ལེན་དབང་འཐེན་བཅོལ་བྱས་ཉིན་ནས་བཟུང་བའི་ལོ་ལྔའི་ནང་ཚུན་བེད་སྤྱོད་མ་བྱས་ན་མེད་པར་འགྱུར་རྒྱུ་དང་། འཐེན་བཅོལ་དངོས་རྫས་ལས་འཐེན་བཅོལ་འགྲོ་གྲོན་འཐེན་རྗེས་རྒྱལ་ཁབ་ལ་དབང་རྒྱུ།

དོན་ཚན་བརྒྱ་དང་ལྔ་བ། བུན་བདག་གིས་བུ་ལོན་ལེན་མཁན་གྱི་བུ་ལོན་ཆ་ཤས་སམ་ཡོངས་རྫོགས་མེད་པར་བཟོས་ན། གན་རྒྱའི་ཁེ་དབང་དང་འོས་འགན་ཆ་ཤས་སམ་ཡོངས་རྫོགས་སྒྲུབ་མཚམས་འཇོགས་རྒྱུ།

དོན་ཚན་བརྒྱ་དང་དྲུག་པ། བུན་དབང་དང་བུ་ལོན་གཉིས་ཀ་མི་གཅིག་ལ་ཡོད་ཕྱིན། གན་རྒྱའི་ཁེ་དབང་དང་འོས་འགན་སྒྲུབ་མཚམས་འཇོག་རྒྱུ། ཡིན་ནའང་ཕུང་གསུམ་པའི་ཁེ་ཕན་དང་འབྲེལ་བ་ཡོད་ན་དེའི་ཁོངས་སུ་མི་ཚུད།

6 ལེའུ་བདུན་པ། ཁ་ཆད་དང་འགལ་བའི་ཁག་འགན་སྐོར།

དོན་ཚན་བརྒྱ་དང་བདུན་པ། དོ་བདག་ཕྱོགས་གཅིག་གིས་གན་རྒྱའི་ནང་འཁོད་འོས་འགན་མི་སྒྲུབ་པའམ་གན་རྒྱའི་ནང་འཁོད་འོས་འགན་བསྒྲུབས་ཚུལ་ཁ་ཆད་བཞག་པ་དང་མི་མཐུན་པ་ཡིན་ན། གན་རྒྱའི་ནང་འཁོད་འོས་འགན་མུ་མཐུད་དེ་བསྒྲུབ་དགོས་པ་དང་། གྱོང་གུན་གསབ་ཐབས་ལག་བསྟར་རམ་གྱོང་གུན་སྐྱིན་ཚབ་སྤྲོད་པ་ལ་སོགས་པའི་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས།

དོན་ཚན་བརྒྱ་དང་བརྒྱད་པ། དོ་བདག་ཕྱོགས་གཅིག་གིས་གན་རྒྱའི་ནང་འཁོད་འོས་འགན་མི་སྒྲུབ་པ་གསལ་པོར་བསྟན་པའམ་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་མི་སྒྲུབ་པ་གསལ་པོར་བསྟན་པ་ཡིན་ན། གན་རྒྱ་ལག་བསྟར་བྱེད་པའི་དུས་བཀག་མ་ཐིན་གོང་ཕྱོགས་ཅིག་ཤོས་ཀྱིས་དེར་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་རྒྱུའི་བླང་བྱ་བཏོན་ཆོག

དོན་ཚན་བརྒྱ་དང་དགུ་པ། དོ་བདག་ཕྱོགས་གཅིག་གིས་རིན་དངུལ་ལམ་གླ་ཆ་མ་སྤྲད་པ་ཡིན་ན། ཕྱོགས་ཅོག་ཤོས་ཀྱིས་དེར་རིན་དངུལ་ལམ་གླ་ཆ་སྤྲོད་རྒྱུའི་བླང་བྱ་བཏོན་ཆོག

དོན་ཚན་བརྒྱ་དང་བཅུ་པ། དོ་བདག་ཕྱོགས་གཅིག་གིས་དངུལ་མིན་པའི་བུ་ལོན་མ་བཅལ་བའམ་དངུལ་མིན་པའི་བུ་ལོན་བཅལ་ཚུལ་ཁ་ཆད་བཞག་པ་དང་མ་མཐུན་པ་ཡིན་ན། ཕྱོགས་ཅིག་ཤོས་ཀྱིས་དེར་བུ་ལོན་འཇལ་དགོས་པའི་བླང་བྱ་བཏོན་ཆོག ཡིན་ནའང་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། དེའི་ཁོངས་སུ་མི་ཚུད་པ་སྟེ།

(གཅིག)བཅའ་ཁྲིམས་ཐོག་གམ་དོན་དངོས་ཐོག་བུ་ལོན་འཇལ་མི་ཐུབ་པ་དང་།

(གཉིས)བུ་ལོན་གྱི་དམིགས་བྱ་བཙན་ཤེད་ཀྱིས་བུ་ལོན་འཇལ་དུ་འཇུག་པར་མི་འཚམ་པའམ་བུ་ལོན་འཇལ་གྲོན་མང་དྲག་པ།

(གསུམ)བུན་བདག་གིས་ལུགས་དང་མཐུན་པའི་དུས་བཀག་ནང་བུ་ལོན་འཇལ་དགོས་པའི་བླང་བྱ་བཏོན་མེད་པ་བཅས་ཡིན།

དོན་ཚན་བརྒྱ་དང་བཅུ་གཅིག་པ། སྤུས་ཚད་ཁ་ཆད་བཞག་པ་དང་མ་མཐུན་པ་ཡིན་ན། དོ་བདག་བར་ཁ་ཆད་བཞག་པ་ལྟར་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས། ཁ་ཆད་དང་འགལ་བའི་ཁག་འགན་སྐོར་ཁ་ཆད་བཞག་མེད་པའམ་ཁ་ཆད་ཁ་གསལ་བཞག་མེད་ཅིང་། བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་གཞིར་བཟུང་ནའང་སྔར་བཞིན་གཏན་འཁེལ་བྱེད་མི་ཐུབ་པ་ཡིན་ན། གྱོང་གུན་ཁེལ་བའི་ཕྱོགས་ཀྱིས་དམིགས་བྱའི་ངོ་བོ་དང་གྱོང་གུན་བྱུང་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ལུགས་མཐུན་གྱིས་གདམ་ག་བྱས་ཏེ་ཕྱོགས་ཅིག་ཤོས་ལ་བཟོ་བཅོས་དང་། བརྗེས་པ། བསྐྱར་བཟོ། ཚོང་ཟོག་ཕྱིར་སློག རིན་དངུལ་ལམ་གླ་ཆ་ཉུང་འཕྲི་སོགས་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས་པའི་བླང་བྱ་བཏོན་ཆོག

དོན་ཚན་བརྒྱ་དང་བཅུ་གཉིས་པ། དོ་བདག་ཕྱོགས་གཅིག་གིས་གན་རྒྱའི་ནང་འཁོད་འོས་འགན་མི་སྒྲུབ་པའམ་གན་རྒྱའིུ་ནང་འཁོད་འོས་འགན་བསྒྲུབས་ཚུལ་ཁ་ཆད་བཞག་པ་དང་མི་མཐུན་པ་ཡིན་རིགས། འོས་འགན་བསྒྲུབས་པའམ་གྱོང་གུན་གསབ་ཐབས་ལག་བསྟར་བྱས་རྗེས་ཕྱོགས་ཅིག་ཤོས་ལ་ད་དུང་གྱོང་གུན་གཞན་དག་བྱུང་ཡོད་ན་གུན་གསབ་སྤྲོད་བྱ་དགོས།

དོན་ཚན་བརྒྱ་དང་བཅུ་གསུམ་པ། དོ་བདག་ཕྱོགས་གཅིག་གིས་གན་རྒྱའི་ནང་འཁོད་འོད་འགན་མི་སྒྲུབ་པའམ་གན་རྒྱའི་ནང་འཁོད་འོས་འགན་བསྒྲུབས་ཚུལ་ཁ་ཆད་བཞག་པ་དང་མི་མཐུན་པས་ཕྱོགས་ཅིག་ཤོས་ལ་གྱོང་གུན་བཟོས་རིགས་གུན་གསབ་འཇལ་གྲངས་ནི་གན་རྒྱ་བསྒྲུབས་རྗེས་ཁེ་ཕན་ཐོབ་རིགས་ཚུད་པའི་ཁ་ཆད་དང་འགལ་བའི་དབང་གིས་གྱོང་གུན་བཟོས་གྲངས་དང་འདྲ་མཚུངས་ཡིན་དགོས་མོད། འོན་ཀྱང་གན་རྒྱ་དང་འགལ་བའི་ཕྱོགས་ཀྱིས་གན་རྒྱ་འཇོག་དུས་གན་རྒྱ་དང་འགལ་བའི་དབང་གིས་གྱོང་གུན་བཟོ་སྲིད་པ་མ་འོང་སྔོན་མཐོང་བྱས་པའམ་མ་འོང་སྔོན་མཐོང་བྱ་དགོས་པའི་གྲངས་ཚད་ལས་བརྒལ་མི་ཆོག

ཉེར་སྐྱོང་བྱེད་མཁན་གྱིས་འཛད་སྤྱོད་བྱེད་མཁན་ལ་ཚོང་ཟོག་གམ་ཞབས་ཞུ་འདོན་སྤྲོད་བྱེད་སྐབས་མགོ་སྐོར་གཏོང་བའི་བྱ་སྤྱོད་སྤེལ་ཡོད་ན། 《འཛད་སྤྱོད་བྱེད་མཁན་གྱི་ཁེ་ཕན་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ནང་གསལ་གཏན་འབེབས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ།

དོན་ཚན་བརྒྱ་དང་བཅུ་བཞི་པ། དོ་བདག་བར་དོ་བདག་ཕྱོགས་གཅིག་གིས་ཁ་ཆད་དང་འགལ་ཚེ་ཁ་ཆད་དང་འགལ་ཚུལ་ལ་གཞིགས་ནས་ཕྱོགས་ཅིག་ཤོས་ལ་ཁ་ཆད་དང་འགལ་བའི་ཆད་དངུལ་གྲངས་འབོར་ངེས་ཅན་ཞིག་སྤྲོད་དགོས་པའི་ཁ་ཆད་བཞག་ཆོག་ལ། ཁ་ཆད་དང་འགལ་བའི་དབང་གིས་གྱོང་གུན་བྱུང་བར་སྐྱིན་ཚབ་སྤྲོད་གྲངས་བརྩི་སྟངས་ཁ་ཆད་བཞག་ཀྱང་ཆོག

ཁ་ཆད་དང་འགལ་བར་དངུལ་ཆད་གཅོད་གྲངས་ཁ་ཆད་བཞག་པ་དེ་གྱོང་གུན་བཟོས་གྲངས་ལས་ཉུང་བ་ཡིན་ན། དོ་བདག་གིས་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཁ་ཆད་དང་འགལ་བའི་དངུལ་ཆད་གཅོད་གྲངས་མང་དུ་གཏོང་དགོས་པའི་རེ་འདུན་ཞུས་ཆོག ཁ་ཆད་དང་འགལ་བར་དངུལ་ཆད་གཅོད་གྲངས་ཁ་ཆད་བཞག་པ་དེ་གྱོང་གུན་བཟོས་གྲངས་ལས་མང་དྲག་པ་ཡིན་ན། དོ་བདག་གིས་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཁ་ཆད་དང་འགལ་བར་དངུལ་ཆད་གཅོད་གྲངས་འོས་འཚམས་གྱིས་ཉུང་དུ་གཏོང་དགོས་པའི་རེ་འདུན་ཞུས་ཆོག

དོ་བདག་གིས་ཁ་ཆད་དང་འགལ་བར་དངུལ་ཆད་གཅོད་རྒྱུའི་ཁ་ཆད་བཞག་དོན་ལག་བསྟར་འགོར་འགྱངས་བྱས་ན། ཁ་ཆད་དང་འགལ་བའི་ཕྱོགས་ཀྱིས་ཁ་ཆད་དང་འགལ་བའི་ཆད་དངུལ་སྤྲད་རྗེས། ད་དུང་བུ་ལོན་ཡང་འཇལ་དགོས།

དོན་ཚན་བརྒྱ་དང་བཅོ་ལྔ་པ། དོ་བདག་གིས《འགན་གཙང་ལེན་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལྟར་ཕྱོགས་གཅིག་གིས་ཕྱོགས་ཅིག་ཤོས་ལ་འགྱུར་བརྟེན་སྤྲད་དེ་བུན་དབང་གི་འགན་ལེན་བྱ་རྒྱུའི་ཁ་ཆད་བཞག་ཆོག བུ་ལོན་ལེན་མཁན་གྱིས་བུ་ལོན་བཅལ་རྗེས་འགྱུར་རྟེན་དེ་རིན་དངུལ་དུ་མགོ་གཏུག་གཏོང་རྒྱུའམ་ཕྱིར་བསྡུ་དགོས། འགྱུར་རྟེན་སྤྲད་པའི་ཕྱོགས་ཀྱིས་ཁ་ཆད་བཞག་པའི་བུ་ལོན་མ་བཅལ་ན་དེར་ཕྱིར་སློག་དགོས་པའི་རེ་འདུན་ཞུ་དབང་མེད་པ་དང་། འགྱུར་བརྟེན་ལེན་མཁན་ཕྱོགས་ཀྱིས་ཁ་ཆད་བཞག་པའི་བུ་ལོན་མ་བཅལ་ན། འགྱུར་རྟེན་གྱི་ལྡབ་གཉིས་ཕྱིར་སྤྲོད་བྱ་དགོས།

དོན་ཚན་བརྒྱ་དང་བཅུ་དྲུག་པ། དོ་བདག་པར་ཁ་ཆད་དང་འགལ་བའི་དངུལ་ཆད་གཅོད་རྒྱུའི་ཁ་ཆད་བཞག་ཡོད་ལ། འགྱུར་རྟེན་སྤྲོད་རྒྱུ་ཁ་ཆད་ཁ་ཀྱང་བཞག་ཡོད་ན། ཕྱོགས་གཅིག་གིས་ཁ་ཆད་དང་འགལ་ཚེ། ཕྱོགས་ཅིག་ཤོས་ཀྱིས་ཁ་ཆད་དང་འགལ་བའི་དངུལ་ཆད་གཅོད་རྒྱུའམ་ཡང་ན་འགྱུར་རྟེན་སྤྲོད་རྒྱུའི་དོན་ཚན་བདམས་ནས་སྤྱད་འཐུས།

དོན་ཚན་བརྒྱ་དང་བཅུ་བདུན་པ། འགོག་ཐབས་བྲལ་བའི་རྐྱེན་ངན་གྱི་དབང་གིས་གན་རྒྱ་སྒྲུབ་མི་ཐུབ་པ་ཡིན་ན་འགོག་ཐབས་བྲལ་བའི་རྐྱེན་ངན་གྱི་གནོད་སྐྱོན་ཐེབས་ཚུལ་ལ་གཞིགས་ནས་ཁག་འགན་ཆ་ཤས་སམ་ཡོངས་རྫོགས་མེད་པར་བཟོ་རྒྱུ། འོན་ཀྱང་བཅའ་ཁྲིམས་ནང་གཏན་འབེབས་བྱས་གཞན་དག་ཡོད་རིགས་འདིའི་ཁོངས་སུ་མི་ཚུད། དོ་བདག་གིས་གན་རྒྱ་སྒྲུབ་ཡུན་འགོར་འགྱངས་བྱས་རྗེས་འགོག་ཐབས་བྲལ་བའི་རྐྱེན་ངན་བྱུང་ན་ཁག་འགན་མེད་པར་བཟོས་མི་ཆོག

བཅའ་ཁྲིམས་འདིར་འགོག་ཐབས་བྲལ་བའི་རྐྱེན་ངན་ཞེས་པ་ནི་མ་འོང་སྔོན་མཐོང་བྱེད་མི་ཐུབ་པ་དང་གཡོལ་ཐབས་མེད་པ་མ་ཟད་ཁྱད་བསད་བྱེད་མི་ཐུབ་པའི་ཕྱི་རོལ་ཡུལ་གྱི་གནས་ཚུལ་ལ་ཟེར།

དོན་ཚན་བརྒྱ་དང་བཅོ་བརྒྱད་པ། འགོག་ཐབས་བྲལ་བའི་རྐྱེན་ངན་གྱི་དབང་གིས་དོ་བདག་ཕྱོགས་གཅིག་གིས་གན་རྒྱ་བསྒྲུབ་མི་ཐུབ་པ་ཡིན་ན། ཕྱོགས་ཅིག་ཤོས་ལ་དུས་ཐོག་ཏུ་བརྡ་ཐོ་བཏང་ནས་དེར་བཟོ་སྲིད་པའི་གྱོང་གུན་ཆུང་དུ་གཏོང་དགོས་པ་མ་ཟད། ལུགས་དང་མཐུན་པའི་དུས་བཀག་ནང་དཔང་རྟགས་ཀྱང་འདོན་སྤྲོད་བྱ་དགོས།

དོན་ཚན་བརྒྱ་དང་བཅུ་དགུ་པ། དོ་བདག་ཕྱོགས་གཅིག་གིས་ཁ་ཆད་དང་འགལ་རྗེས་ཕྱོགས་ཅིག་ཤོས་ཀྱིས་བྱེད་ཐབས་འོས་འཚམ་སྤྱད་དེ་གྱོང་གུན་ཇེ་ཆེར་མི་འགྲོ་བའི་སྔོན་འགོག་བྱ་དགོས། བྱེད་ཐབས་འོས་འཚམ་སྤྱད་མེད་པས་གྱོང་གུན་ཇེ་ཆེར་སོང་བ་ཡིན་ན། གྱོང་གུན་ཇེ་ཆེར་སོང་བའི་ཆར་སྐྱིན་ཚབ་སྤྲོད་དགོས་པའི་བླང་བྱ་འདོན་མི་ཆོག

དོ་བདག་གིས་གྱོང་གུན་ཇེ་ཆེར་མི་འགྲོ་བའི་སྔོན་ན་འགོག་བྱེད་ཆེད་ལུགས་དང་མཐུན་པའི་འགྲོ་གྲོན་བཏང་རིགས་ཁ་ཆད་དང་འགལ་བའི་ཕྱོགས་ཀྱིས་སྤྲོད་འགན་འཁུར་རྒྱུ།

དོན་ཚན་བརྒྱ་དང་ཉི་ཤུ་པ། དོ་བདག་ཕྱོགས་གཉིས་ཀས་གན་རྒྱ་དང་འགལ་ཚེ། ཕྱོགས་སོ་སོའི་བབ་མཚུངས་ཀྱི་ཁག་འགན་འཁུར་དགོས།

དོན་ཚན་བརྒྱ་དང་ཉེར་གཅིག་པ། ཕུང་གསུམ་པའི་རྐྱེན་གྱིས་དོ་བདག་ཕྱོགས་གཅིག་གིས་ཁ་ཆད་དང་འགལ་ཚེ། ཕྱོགས་ཅིག་ཤོས་ལ་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས། དོ་བདག་ཕྱོགས་གཅིག་དང་ཕུང་གསུམ་པའི་བར་གསུམ་པའི་བར་བྱུང་བའི་རྩོད་གཞི་ནི་བཅའ་ཁྲིམས་ནང་གསལ་གཏན་འབེབས་སམ་ཁ་ཆད་བཞག་པ་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་བརྒྱ་དང་ཉེར་གཉིས་པ། དོ་བདག་ཕྱོགས་གཅིག་གིས་ཁ་ཆད་དང་འགལ་བའི་བྱ་སྤྱོད་ཀྱི་དབང་གིས་ཕྱོགས་ཅིག་ཤོས་ཀྱི་མི་ལུས་དང་རྒྱུ་ནོར་ཁེ་དབང་ལ་གནོད་སྐྱོན་བཏང་བ་ཡིན་ན། གནོད་སྐྱོན་ཐེབས་པའི་ཕྱོགས་ལ་བཅའ་ཁྲིམས་འདིར་གཞིགས་ནས་ཁ་ཆད་དང་འགལ་བའི་ཕྱོགས་དེར་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས་པའི་བླང་བྱ་འདོན་པའམ་བཅའ་ཁྲིམས་གཞན་པར་གཞིགས་ནས་ཁེ་དབང་ལ་བཙན་གནོད་གཏོང་བའི་ཁག་འགན་འཁུར་དགོས་པའི་བླང་བྱ་འདོན་པ་གདམ་ག་བྱེད་དབང་ཡོད།

7 ལེའུ་བརྒྱད་པ། གཏན་འབེབས་གཞན་དག་སྐོར།

དོན་ཚན་བརྒྱ་དང་ཉེར་གསུམ་པ། བཅའ་ཁྲིམས་གཞན་དག་ནང་གན་རྒྱའི་སྐོར་གཏན་འབེབས་གཞན་དག་བྱས་ཡོད་ན། གཏན་འབེབས་དེ་ལྟར་བྱ་རྒྱུ།

དོན་ཚན་བརྒྱ་དང་ཉེར་བཞི་པ། བཅའ་ཁྲིམས་འདིའི་ཞིབ་གསལ་དོན་ཚན་ནམ་བཅའ་ཁྲིམས་གཞན་དག་གི་ནང་ཡིག་ཐོག་ནས་གཏན་འབེབས་ཁ་གསལ་བྱས་མེད་པའི་གན་རྒྱར་བཅའ་ཁྲིམས་འདིའི་སྤྱིའི་དོན་ཚན་གྱི་གཏན་འབེབས་སྤྱད་འཐུས་པ་མ་ཟད། བཅའ་ཁྲིམས་འདིའ་ཞིབ་གསལ་དོན་ཚན་ནམ་ཡང་ན་བཅའ་ཁྲིམས་གཞན་དག་གི་ནང་གསལ་གཏན་འབེབས་ཆེས་འདྲ་མཚུངས་ཡིན་རིགས་དཔྱད་གཞིར་བཟུང་ཆོག

དོན་ཚན་བརྒྱ་དང་ཉེར་ལྔ་པ། དོ་བདག་གིས་གན་རྒྱའི་དོན་ཚན་ལ་གོ་བ་ལེན་སྟངས་ཐད་རྩོད་དོན་བྱུང་ན། གན་རྒྱའི་ནང་སྤྱོད་པའི་ཚིག་དང་ཚིག་གྲུབ་དང་། གན་རྒྱུའི་ནང་གི་འབྲེལ་ཡོད་དོན་ཚན། གན་རྒྱའི་དམིགས་ཡུལ། ཉོ་ཚོང་བྱེད་པའི་གོམས་སྲོལ་བཅས་དང་དེ་བཞིན་ཁ་བཤད་དོན་ལ་གནས་པ་བྱ་རྒྱུའི་རྩ་དོན་ལྟར་དོན་ཚན་འདིའི་གོ་དོན་དངོས་གཏན་འཁེལ་བྱ་དགོས།

གན་རྒྱ་འཇོག་ཡིག་ཡིག་རིགས་གཉིས་ཡན་གྱི་ཐོག་ནས་འཇོག་པ་མ་ཟད་ནུས་པ་འདྲ་མཉམ་ལྡན་པའི་ཁ་ཆད་བཞག་རིགས། གན་རྒྱ་འཇོག་ཡིག་ཁག་ནང་སྤྱོད་པའི་ཚིག་དང་ཚིག་གྲུབ་ཀྱི་གོ་དོན་གཅིག་མཚུངས་ལྡན་པ་བྱ་རྒྱུ། གན་རྒྱ་འཇོག་ཡིག་ཁག་ནང་སྤྱོད་པའི་ཚིག་དང་ཚིག་གྲུབ་གཅིག་མཚུངས་མིན་པ་དེ་དག་གན་རྒྱའི་དམིགས་ཡུལ་ལ་གཞིགས་ཏེ་འགྲེལ་བཤད་རྒྱག་དགོས།

དོན་ཚན་བརྒྱ་དང་ཉེར་དྲུག་པ། ཕྱི་ཕྱོགས་དང་འབྲེལ་བའི་གན་རྒྱའི་དོ་བདག་གིས་གན་རྒྱའི་སྐོར་གྱི་རྩོད་དོན་བྱུང་བ་ཐག་གཅོད་བྱེད་པར་སྤྱད་འཐུས་ཀྱི་བཅའ་ཁྲིམས་གདམ་ག་བྱས་ཆོག འོན་ཀྱང་བཅའ་ཁྲིམས་ནང་གཏན་འབེབས་གཞན་དག་བྱས་རིགས་དེའི་ནང་ཚུད་མེད། ཕྱི་ཕྱོགས་དང་འབྲེལ་བའི་གན་རྒྱའི་དོ་བདག་གིས་གདམ་ག་བྱས་མེད་ན། གན་རྒྱ་དང་འབྲེལ་བ་དམ་ཤོས་ཡོད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྤྱད་འཐུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་ལག་ལེན་དུ་བསྟར་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱིས་མ་དངུལ་མཉམ་བཞག་གིས་གཉེར་སྐྱོང་བྱེད་པའི་ཁེ་ལས་ཀྱི་གན་རྒྱ། ཀྲུང་གོ་དང་ཕྱི་རྒྱལ་མཉམ་ལས་ཀྱིས་རང་བྱུང་གི་ཐུན་ཁུངས་རྩད་གཅོད་དང་གསར་གཏོད་བྱ་རྒྱུའི་གན་རྒྱ་བཅས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྤྱད་འཐུས།

དོན་ཚན་བརྒྱ་དང་ཉེར་བདུན་པ། གན་རྒྱ་སྤྱད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱིཔའི་ཁེ་ཕན་ལ་གནོད་སྐྱོན་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གཞན་དག་གིས་སོ་སོའི་འགན་དབང་ཁོངས་མཚམས་སུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གསལ་གཏན་འབེབས་ལྟར་ལྟ་སྐུལ་དང་ཐག་གཅོད་བྱེད་འགན་འཁུར་རྒྱུ་དང་། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

དོན་ཚན་བརྒྱ་དང་ཉེར་བརྒྱད་པ། དོ་བདག་བར་ཞི་བས་མཐུན་འགྲིག་གམ་འདུམ་འགྲིག་བྱེད་པར་བརྟེན་ནས་གན་རྒྱའིུ་སྐོར་གྱི་རྩོད་དོན་ཐག་གཅོད་བྱས་ཆོག

དོ་བདག་གིས་ཞི་བས་མཐུན་འགྲིག་དང་འདུམ་འགྲིག་བྱེད་མི་ཐུབ་པའི་རིགས་འདུམ་གཅོད་བྱ་རྒྱུའི་གྲོས་མཐུན་བཞག་པ་ལྟར་འདུམ་གཅོད་ལས་ཁུངས་ལ་འདུམ་གཅོད་བྱ་རྒྱུའི་རེ་འདུན་ཞུས་ཆོག ཕྱི་ཕྱོགས་དང་འབྲེལ་བའི་གན་རྒྱའི་དོ་བདག་གིས་འདུམ་གཅོད་བྱ་རྒྱུའི་གྲོས་མཐུན་བཞག་པ་ལྟར་ཀྲུང་གོའི་འདུམ་གཅོད་ལས་ཁུངས་ལས་ཁུངས་སམ་འདུམ་གཅོད་ལས་ཁུངས་གཞན་དག་ལ་འདུམ་གཅོད་བྱ་རྒྱུའི་རེ་འདུན་ཞུས་ཆོག དོ་བདག་གིས་འདུམ་གཅོད་བྱ་རྒྱུའི་གྲོས་མཐུན་བཞག་མེད་པའམ་འདུམ་གཅོད་བྱ་རྒྱུའི་གྲོས་མཐུན་གོ་མི་ཆོད་པར་གྱུར་རིགས་མི་དམངས་ཁྲིམས་ཁང་ལ་ཁྲིམས་སྦྱོར་བྱས་ཆོག དོ་བདག་གིས་ཁྲིམས་ནུས་ཐོན་པའི་བཅད་ཁྲ་དང་། འདུམ་གཅོད་བཅད་ཁྲ། འདུམ་ཁྲ་བཅས་ལག་ལེན་བསྟར་དགོས། ལག་ལེན་མ་བསྟར་ན་ཕྱོགས་ཅིག་ཤོས་ཀྱིས་མི་དམངས་ཁྲིམས་ཁང་ལ་ལག་ལེན་བསྟར་དུ་འཇུག་དགོས་པའི་རེ་འདུན་ཞུས་ཆོག

དོན་ཚན་བརྒྱ་དང་ཉེར་དགུ་པ། རྒྱལ་སྤྱིའི་ཐོག་ཚོང་ཟོག་ཉོ་ཚོང་གི་གན་རྒྱ་དང་ལག་རྩལ་ཕྱིར་གཏོང་ནང་འདྲེན་གྱི་གན་རྒྱའི་སྐོར་རྩོད་དོན་བྱུང་སྟེ་ཁྲིམས་སྦྱོར་བྱ་རྒྱུའམ་འདུམ་གཅོད་བྱ་རྒྱུའི་རེ་འདུན་ཞུ་རྒྱུའི་དུས་བཀག་ལོ་བཞི་ཡིན་ཞིང་། དོ་བདག་གིས་རང་གི་ཁེ་དབང་ལ་གནོད་འཚེ་བྱུང་བ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བརྩི་རྒྱུ། གན་རྒྱ་གཞན་དག་སྐོར་རྩོད་དོན་བྱུང་ནས་ཁྲིམས་སྦྱོར་བ་རྒྱུའམ་འདུམ་གཅོད་བྱ་རྒྱུའི་རེ་འདུན་ཞུ་རྒྱུའི་དུས་བཀག་ནི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བྱ་རྒྱུ།

དཔྱད་གཞིའི་ཡིག་ཆ།

1 མགོན་པོ་རྒྱལ་གྱིས་བསྒྱུར་བའི 《ས་ཞིང་བཤུག་སྤྲོད་དང་ཁང་པ་ཉོ་འཚོང》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2010ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས། ཤོག་གྲངས167ནས200བར།

2 པའེ་ཏུའུ་རིག་མཛོད། 2015-12-23